ཟླ6པའི་ཚེས10ཉིན། ཀྲུང་དབྱང་དྲ་ལམ་ཆ་འཕྲིན་གཞུང་སྒྲུབ་ཁང་དྲ་ལམ་ཁྱབ་སྤེལ་ཅུས་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་པུའུ་ཡིས་མཛུབ་སྟོན་བྱས་ཤིང་། ཀྲུང་གོ་སྦྲེལ་དྲའི་འཕེལ་རྒྱས་ཐེབས་རྩ་ཚོགས་པས་ཆེད་དུ་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲ་རྒྱ་ཆ་འཕྲིན་གཞུང་སྒྲུབ་ཁང་དང་ཞིང་ཆེན་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ། མཚོ་སྔོན་དགེ་ཐོན་སློབ་ཆེན་བཅས་ཀྱིས་ཐུན་མོང་གིས་གཙོ་སྒྲུབ་བྱས་པའི“ལང་ཚོའི་གཟི་དཔལ། མདེལ་གཉིས་སྐར་གཅིག”ཞེས་པའི་དྲ་ལམ་བརྗོད་དོན་སྒྲོག་བཤད་བྱེད་སྒོ་དེ་ཟི་ལིང་གྲོང་ཁྱེར་དུ་སྤེལ་འགོ་བརྩམས།
བྱེད་སྒོའི་ཡུལ་དངོས་སུ། སྙན་ངག་གྱེར་འདོན་དང་གླུ་གར་འཁྲབ་སྟོན། ཡུལ་སྣང་བར་སྟོང་གླེང་མོལ་སོགས་ཀྱི་རྣམ་པ་ལ་བརྟེན་ནས། ལོ་རབས་སྔོན་མའི་ཚན་རིག་པ་དང་འཛུགས་སྐྲུན་པ་རྣམས་ཀྱིས་མཚོ་བྱང་གསེར་དངུལ་ཐང་རྩྭ་ཐང་དུ་རང་མིང་གསང་ནས་དཀའ་སྤྱད་འབད་བརྩོན་བྱས་ཏེ། རྒྱལ་ཁབ་ཀྱི་མཚོན་ཆ་གལ་ཆེན་བཟོས་ཤིང་། “མེས་རྒྱལ་ལ་དགའ་ཞེན་དང་ཕངས་མེད་ཀྱི་སྙིང་སྟོབས། རང་སྟོབས་རང་སྤེལ། དཀའ་སྤྱད་སྡུག་རེས། མཐུན་སྦྱོར་མཉམ་ལས། ཡང་རྩེར་འཛེགས་ཕོད་པ།”བཅས་ཀྱི་མདེལ་གཉིས་སྐར་གཅིག་གི་གཏམ་རྒྱུད་གསོན་ཉམས་ལྡན་པའི་ངང་བརྗོད་ཡོད། ཉིན་དེར། ད་དུང་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་བརྗོད་དོན་ཡིན་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རྒྱལ་གཉེར221བཟོ་གྲྭའི་འགོ་གཙོ་ཟུར་པ་ཝང་ཅིན་ཧིན་དང་བཅིངས་འགྲོལ་དམག63651རུ་དཔུང་སློབ་གསོ་ཅུས་ཀྱི་འཁྲིད་དཔོན་ཆེ་འབྲིང་དང་ཅུས་ཀྲང་ཝང་ཧྥང་ཧྥང་སོགས་སྐུ་མགྲོན་བདུན་གྱིས་མཚོ་བྱང་གསེར་དངུལ་ཐང་དུ་དཀའ་སྤྱད་འབད་བརྩོན་བྱས་པའི་གཏམ་རྒྱུད་བཤད་དེ། མཐོ་རིམ་སློབ་གྲྭའི་སློབ་མ60ལྷག་གིས་ཡུལ་དངོས་ནས་གཏན་རྒྱུད་ལ་ཉན།
ཆེད་དོན་བྱེད་སྒོ་འདིས་ཡུལ་དངོས་ཀྱི་གནད་འཁེལ་ལག་བསྟར་དང་དྲ་ལམ་གྱི་ཐོད་བརྒལ་ལ་རྐང་བཙུགས་ཏེ། བསམ་བློ་ཆབ་སྲིད་ཀྱི་མཐོ་ཚད་དང་། ན་གཞོན་གྱི་ཞུགས་ཚད། ཁྱབ་སྤེལ་གྱི་ནུས་ཤུགས། ས་གནས་ཀྱི་དྲོད་ཚད་བཅས་ལྡན་པའི་སྨྱན་སྦྱོར་གྱི་ཐོན་རྫས་གསར་གཏོད་བྱས་ནས། སྦྲེལ་དྲས་ན་གཞོན་མཐུན་སྒྲིལ་གཅིག་བསྡུས་བྱེད་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ། དུས་རབས་གསར་པའི་དྲ་རྒྱའི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་པ་དང་། རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ལ་དྲ་རྒྱའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཡག་པོ་ཞིག་ཁྲིད་དེ། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དེ་མཚོ་སྔོན་གྱི་གསེར་དངུལ་ཐང་ནས་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་མིག་ལམ་དུ་མངོན་ཏེ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཕུགས་འདུན་བཅངས་པ་དང་། འབད་འཐབ་བྱེད་ཕོད་པའི་སྙིང་སྟོབས་ལྡན་པར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ། གསར་བརྗེའི་གཞི་རྒྱུ་དེ་ལང་ཚོའི་སློབ་ཚན་ཁྲོད་རྒྱུན་འཛིན་བྱེད་དུ་འཇུག་དགོས།
འགོ་རྩོམ་མཛད་སྒོ་མཇུག་བསྒྲིལ་རྗེས། ཀྲུང་དབྱང་གི་གཙོ་གནད་དྲ་རྒྱའི་སྨྱན་སྦྱོར་དང་། ཞིང་ཆེན་གྱི་སྨྱན་སྦྱོར་གཙོ་བོའི་ཁོངས་གཏོགས་ཀྱི་སྨྱན་སྦྱོར་གསར་པ། ཚོང་ལས་སྟེགས་བུ་ཆེ་གྲས། ད་དུང་དྲང་ནུས་ཀྱི་དྲ་གྲགས་མི་སྣའི་འཐུས་མི་བཅས་མཚོ་བྱང་ཁུལ་མཁའ་དམག་ས་ངོས་འཕུར་མདེལ་སྒེར་ཚུགས་སྒར་དཔུང12པའི་གནས་རྙིང་དང་། མཚོ་སྔོན་རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་། འབར་གས་ཚོད་ལྟའི་ར་བ་སོགས་ཀྱི་ཡུལ་དངོས་སུ་ཟབ་ཞུགས་བྱས་ཏེ། གསོན་ཉམས་ལྡན་པའི་གསར་བརྗེ་གཏམ་རྒྱུད་སྔོག་འདོན་བྱས་ནས། བསམ་བློ་ཆབ་སྲིད་ཀྱི་སློབ་ཁང་ཆུང་ཆུང་དང་སྤྱི་ཚོགས་ཀྱི་སློབ་ཁང་ཆེན་པོ། དྲ་རྒྱའི་སློབ་ཁང་གསར་པ་བཅས་གཏིང་ཟབ་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས།