ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཡུན་ནན་ཞིང་ཆེན་དང་། ཅང་ཞི་ཞིང་ཆེན་དུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་ཏེ། ཞིང་ཆེན་དེ་གཉིས་ཀྱིས་ཐོན་རྫས་རིན་ཐང་མངོན་འགྱུར་བྱས་ཚུལ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་བརླན་སའི་སྲུང་སྐྱོབ་ཁྲིམས་འཛུགས་སོགས་ཐད་ཀྱི་གསར་གཏོད་ལག་ལེན་དང་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་གཏིང་ཟབ་བྱས།
རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་ཡུན་ནན་ཞིང་ཆེན་ཁོན་མེན་གྲོང་ཁྱེར་ཅིན་ཉིན་ཆུས་ཉིའུ་ལེན་སྡེ་བ་དང་། ཉིན་ཨར་རྫོང་གི“ཐཱན་གཉིས་ལྟེ་གནས”། ཅང་ཞི་ཞིང་ཆེན་ཅི་ཨན་གྲོང་ཁྱེར་ཅི་ཧྲོས་རྫོང་ཅི་ཧུའུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་སོགས་སུ་སོང་སྟེ། ཡུལ་དངོས་ཀྱི་ལྟ་ཞིབ་དང་། མ་ལག་གི་འཕེལ་རིམ་གསལ་སྟོན། བཞུགས་མོལ་སྤེལ་རེས་སོགས་བྱེད་ཐབས་སྤྱད་པ་བརྒྱུད། ས་གནས་གཉིས་ཀྱི་སྐྱེ་ཁམས་བཅོས་སྐྱོང་གིས་གྲོང་གསེབ་ཡུལ་སྐོར་ལ་སྐུལ་ཁྲིད་བྱེད་པ། རི་སྔོ་ཆུ་དྭངས་མངོན་འགྱུར་བྱས་པའི་ཉམས་མྱོང་གསར་བ་བཅས་ལ་སློབ་སྦྱོང་བྱས་ཏེ། སྐྱེ་ཁམས་ཐོན་ཁུངས་དཔལ་འབྱོར་མ་རྩ་རུ་བསྒྱུར་བའི་ཐབས་ལམ་འཚོལ་ཞིབ་དང་། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས“མཚེའུ་གཅིག་དྭངས་ཤིང་གཙང་བ”སྲུང་སྐྱོང་བྱེད་པའི་ལམ་ལུགས་གསར་གཏོད་ལ་དཔེ་ལྟ་བྱས།
རྟོག་ཞིབ་ཚན་ཆུང་གིས་བལྟས་ན། ཡུན་ནན་དང་། ཅང་ཞི་ཞིང་ཆེན་གཉིས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད། ལམ་སྲོལ་གསར་གཏོད་ཀྱིས་སྐྱེ་ཁམས་རིན་ཐང་དང་། ཚན་རྩལ་ནུས་སྩོལ་མཐོར་འདེགས་ཀྱི་སྲུང་སྐྱོབ་ཕན་ནུས། ཁྲིམས་སྐྱོང་འགན་སྲུང་གིས་ལམ་ལུགས་གཞི་རྩ་བརྟན་པོ་བསྐྲུན་པ་བཅས་ལ་དོ་སྣང་བྱས་ནས། རང་ཞིང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ཉམས་མྱོང་གང་བཟང་འདོན་སྤྲོད་བྱས་ཡོད་པར་འདོད། ཐེངས་འདིའི་སློབ་སྦྱོང་གི་གྲུབ་འབྲས་རྣམ་སྒྱུར་གང་ལེགས་དང་བེད་སྤྱོད་བཟང་པོ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་ལག་བསྟར་བྱེད་པ། “རྒྱལ་དོན་གྱི་ཆེ་ཕྱོགས”ཡིད་ལ་དམ་པོར་འཛིན་པ། ལངས་གནས་སྔར་ལས་མཐོ་བ་དང་མིག་རྒྱང་སྔར་ལས་ཡངས་པ། ནུས་ཚད་སྔར་ལས་ཆེ་བ་བཅས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བར་ཇུས་འགོད་དང་སྐུལ་འདེད་བྱེད་པ། རང་ཞིང་གི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ཞིབ་རྩིས་དང་ཉོ་ཚོང་རྐྱེན་སྲོལ་མྱུར་དུ་འཐུས་ཚང་ལ་སྐུལ་འདེད་གཏོང་བ། བརླན་ས་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་མཐུན་སྦྱོར་གྱི་སྲིད་ཇུས་མཁོ་འདོན་ཤུགས་དྲག་ཏུ་གཏོང་བ་བཅས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པར་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།