——ཞིང་ཆེན་ཡོངས་ཀྱི་རིག་རྩལ་ལས་དོན་པས་དུས་རབས་གསར་པའི་རིག་རྩལ་གྱི་འགན་འཁྲི་གླེང་བ།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་དོན་པ་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་སྲོག་ཤིང་དར་སྤེལ་དང་། མཚོ་སྔོན་གྱི་ས་གཞི་ཆེན་པོར་གཞི་ཚུགས་ཏེ། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཕྱོགས་སྟོན་མཐའ་འཁྱོངས་དང་སྒྱུ་རྩལ་གྱི་ཕུགས་བསམ་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྡོངས་པའི་བརྩམས་ཆོས་རྩེ་གྲ་དེ་བས་མང་པོ་བརྩམས་ནས་མཚོ་སྔོན་གྱི་དུས་རབས་གསར་པའི་རྣམ་པ་གསར་པ་མངོན་ཅི་ཐུབ་བྱ ་རྒྱུ་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་གསར་རྩོམ་གྱི་འཚོ་བཅུད་བསྡུ་ལེན་བྱས་པ།
ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དབྱང་ཧན་ལེང་ནི་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་ཁྱབ་ཁོངས་སུ་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྩོམ་པ་པོ་ཞིག་ཡིན་པ་དང་། ཁོང་གི་བརྩམས་ཆོས《ལྷ་ལམ་དཔེ་མཛོད་ཁང》ཞེས་པའི་ལྟ་ཀློག་བྱས་ཚད་དུང་ཕྱུར་ལས་བརྒལ་བ་མ་ཟད སྐད་རིགས་བཅུ་ལྷག་ཙམ་ལ་བསྒྱུར་ནས་ཕྱི་རྒྱལ་དུ་བརྒྱུད་སྤེལ་བྱས་ཡོད། དབྱང་ཧན་ལེའང་གིས་འདི་སྐད། མཚོ་སྔོན་ལ་གཞི་ཚུགས་ཤིང་། དུས་རབས་ཟིན་ཐོར་དུ་བཀོད་པ། ས་གནས་རང་གི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་ནི་མཚོ་སྔོན་གྱི་རིག་རྩལ་ལས་དོན་པའི་འགན་འཁྲི་དང་ལས་འགན་རེད། སླད་ཕྱིན་མུ་མཐུད་ས་ཆ་དེར་གཞི་ཚུགས་པ་དང་། རིག་པ་ཐོལ་སྐྱེས་བསྡུ་ལེན་བྱེད་པ། བློ་རྩེ་གཅིག་སྒྲིམ་གྱིས་བརྩམས་ཆོས་ལ་ཞིབ་དག་གཏོང་བ་བཅས་བྱས་ཏེ་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་ཧུར་ཐག་གིས་གསར་རྩོམ་བྱ་རྒྱུ་ཡིན་ཟེར།
འཚོ་བ་དང་མང་ཚོགས་ཁྲོད་གཞི་ཚུགས་རྒྱུ་ནི་མཚོ་སྔོན་གྱི་རིག་རྩལ་ལས་དོན་པའི་ཐུན་མོང་གི་གདམ་ག་ཞིག་རེད།
མཚོ་སྔོན་ཞིང་ཆེན་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལི་པིང་ཀྲུའུ་ཡིས་འདི་སྐད། རང་ཉིད་ཡིག་གཟུགས་མཁན་པོ་ཞིག་ཡིན་པའི་ངོས་ནས་མུ་མཐུད་འཚོ་བར་ཟབ་ཞུགས་དང་མང་ཚོགས་དང་ཉེ་བཅར་བྱས་ཏེ། ཚ་ཚ་འུར་འུར་གྱི་འཚོ་བའི་ཁྲོད་ནས་འཚོ་བཅུད་བསྡུ་ལེན་དང་སྨྱུག་རྩལ་ལ་བརྟེན་ནས་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱས་ཏེ། མཚོ་སྔོན་གྱི་ས་གཞི་ཆེ་མོའི་ཐོག་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བརྩམ་རྒྱུ་ཡིན་ཞེས་བཤད།
མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་ནས་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ།
མཚོ་སྔོན་གྱི་སྒྱུ་རྩལ་རིགས་མི་འདྲ་བའི་གསར་རྩོམ་པ་ཚང་མས་རིག་རྩལ་བརྩམས་ཆོས་ལམ་ནས་དུས་རབས་ཀྱི་ཟིན་ཐོ་ཇི་ལྟར་འགོད་པ་དང་མི་དམངས་ལ་ཞབས་འདེགས་ཇི་ལྟར་ཞུ་དགོས་པའི་བརྗོད་གཞི་འདི་ལ་ལན་ཧུར་ཐག་བཏབ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ་མཁན་མཚོ་སྔོན་དགེ་འོས་སློབ་ཆེན་རོལ་དབྱངས་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཁྲེན་ལུའུ་ཡིས་འདི་སྐད།“སྐབས་འདིའི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ་པ་ནི་ངའི་གཟི་བརྗིད་ཡིན་པས་དགའ་སྤྲོ་ཚད་མེད་སྐྱེས། བྱ་དགའ་དེ་ནི་ཁས་ལེན་ཞིག་ཡིན་ལ་སྐུལ་ལྕག་ཀྱང་ཡིན་ཟེར། གཟེངས་བསྟོད་ཚོགས་ཆེན་ཐོག་རིག་རྩལ་ལས་དོན་གྱི་རིན་ཐང་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། རྒྱ་ཆེའི་རིག་རྩལ་ལས་དོན་པས་མཐོ་སྒང་ལ་གཞི་ཚུགས་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བར་སྐུལ་ལྕག་ཀྱང་བྱས་ཡོད།
མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧའེ་དབྱི་ཡིས་འདི་སྐད། རྩོམ་པ་པོ་ཞིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་མི་སྒེར་གྱི་གསར་རྩོམ་བྱེད་པ་བརྒྱུད་ནས་རླབས་ཆེན་དུས་རབས་ཀྱི་འབོད་སྐུལ་ལ་ལན་ཇི་ལྟར་འདེབས་རྒྱུའི་ཐད་བསམ་གཞིག་བྱེད་དགོས་ཞེ་ན། ལན་དེ་མི་དམངས་དང་མཉམ་དུ་འབད་བརྩོན་བྱེད་པའི་གསར་རྩོམ་གྱི་ལག་ལེན་ཁྲོད་ན་ཡོད། རང་འགུལ་ངང་དཔེ་ཁང་ནས་ཐོན་ཏེ་འཚོ་བའི་ཕྱོགས་སུ་བསྐྱོད་པ་དང་ལྷག་བསམ་ཟོལ་མེད་ངང་མཐོ་སྒང་དུ་་གཞི་ཚུགས་གཞི་ནས་མེ་ལྟར་ཚ་བའི་ལག་ལེན་ཁྲོད་ནས་ཆེས་དངོས་ཡོད་དང་ཆེས་ཡུན་རིང་གི་གསར་རྩོམ་སྟོབས་ཤུགས་བསྡུ་ལེན་བྱེད་ཐུབ་ཟེར།
མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་མ་སུའོ་ལི་མའོ་ཡིས་གསར་རྩོམ་ནང་དོན་དེ་གཙོ་བོ་དུས་ཡུན་རིང་པོའི་ནང་རྨ་ཆུའི་རིག་གནས་དང་ས་ལར་རིགས་ཀྱི་མི་ཆོས་སྙིང་སྟོབས་ཀྱི་སྣང་ཚུལ་སྣ་ཚོགས་ལ་དམིགས་ཡོད། ཁོས་འདི་སྐད་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་ལ་མུ་མཐུད་དོ་ཁུར་བྱེད་པ་དང་། བརྩམས་ཆོས་རྩེ་གྲ་བློ་རྩེ་གཅིག་སྒྲིམ་ངང་གསར་རྩོམ་བྱེད་པ། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས་མཚོ་སྔོན་གྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།
རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་ཀྱིས་རིག་རྩལ་གྱི་ཡང་རྩེར་འཛེགས་པ།
ཉེ་བའི་ལོ་ཤས་རིང་མཚོ་སྔོན་དུ་རིག་རྩལ་བརྩམས་ཆོས་རྩེ་གྲ་ཡང་ཡང་ཐོན་ནས་མཐོ་སྒང་གི་རིག་རྩལ་གྱི་གསོན་ཤུགས་གསར་པ་དང་རྣམ་པ་གསར་པ་ཟམ་མི་ཆད་པར་མངོན་ཡོད། དེར་བརྟེན་མཚོ་སྔོན་ཞིང་ཆེན་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་རིག་གཞུང་ཨུ་ཡོན་ལྷན་ཁང་དྲུང་ཆེ་ཝང་ཞའོ་ཕུང་གིས་འདི་སྐད། ཐེངས་འདིའི་བྱ་དགའ་ཐོབ་པ་དེ་མགོ་འཛུགས་ས་གསར་པ་ཕྱེ་ནས། རྩ་བ་བརྟན་སྲུང་དང་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྲོལ་རྒྱུན་གྱི་ནང་དོན་དང་དུས་རབས་ཀྱི་ཉམས་འགྱུར་ལྡན་པའི་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱས་ཏེ་པིར་སྨྱུག་ལ་བརྟེན་ནས་ཕ་ཡུལ་གྱི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་ཡིན་ཞེས་བཤད།
མཚོ་སྔོན་འཁྲབ་སྟོན་སྒྱུ་རྩལ་ཚོགས་པའི་ཇུས་འགོད་གསར་རྩོམ་པུའི་ཀྲུའུ་རེན་གཞོན་པ་མཚོ་སྔོན་ཞིང་ཆེན་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན་ལིའུ་ཁྲན་ཅོན་གྱིས་མཚོ་སྔོན་མི་རིགས་ཀྱི་ཞབས་བྲོ་གསར་རྩོམ་བྱས་ནས་ལོ་ཉི་ཤུ་ལྷག་ཙམ་སོང་ཞིང་། མོས“རང་ཉིད་ལ་གླེང་རིན་མེད་པའི་གྲུབ་འབྲས་ཁག་ཅིག་ཐོབ་མོད། འོན་ཀྱང་སླད་ཕྱིན་སྔར་བཞིན་ཐོག་མའི་བསམ་འདུན་སྲུང་བ་དང་ཏན་ཏིག་ངང་ཞབས་བྲོའི་སྒྱུ་རྩལ་གྱི་ལམ་བུའི་ཐོག་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་མདུན་སྐྱོད་བྱ་རྒྱུ་ཡིན ” ཟེར།
མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་དབུ་བཞུགས་མིང་རྟགས་འགོད་མཁན་ལི་ཧྲན་ཡོན་གྱིས་དུས་ཡུན་རིང་བོར་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བརྗོད་དོན་ལ་དམིགས་པའི་བརྩམས་ཆོས་མང་པོ་ཞིག་ལ་རྒྱལ་ཁབ་ཕྱི་ནང་གི་བྱ་དགའ་མང་པོ་ཐོབ་མྱོང་། ཁོས་འདི་སྐད། སྐྱེ་ཁམས་སྲུང་སྐྱོང་གྲུབ་འབྲས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཁག་གིས་པར་རྒྱག་མཁས་ཅན་ལ་གསར་རྩོམ་གྱི་ཆ་རྐྱེན་བཟང་པོ་མཁོ་འདོན་བྱས་ཡོད། པར་རྒྱག་མཁས་ཅན་ཞིག་ཡིན་པའི་ངོས་ནས་གཙང་པོའི་ཆུ་མགོར་མུ་མཐུད་གཞི་ཚུགས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལག་ལེན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་ཀྱིས་པར་ཆས་སྤྱད་དེ་དུས་རབས་གསར་པའི་མཚོ་སྔོན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ཟིན་ཐོར་འགོད་ངེས་ཟེར།
ཀྲུང་གོ་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་ཀྲང་ཅན་ཁྲུན་གྱིས་སླད་ཕྱིན་རང་འཁྲིའི་བྱ་བར་གཞི་ཚུགས་ཏེ་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་གི་སྐྱེས་ཐོབ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ནང་དོན་དང་དུས་རབས་གསར་པའི་འཕེལ་རྒྱས་གྲུབ་འབྲས་བཅས་སྔོག་འདོན་གཏིང་ཟབ་བྱས་ནས་མཚོ་སྔོན་གྱི་དབྱེ་འབྱེད་ནུས་པ་ལྡན་པའི་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་གསར་རྩོམ་ཧུར་ཐག་བྱས་ཏེ། མཚོ་སྔོན་གྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།
རིག་རྩལ་ལས་དོན་པ་ཚོས་དུས་རབས་དང་གཅིག་སེམས་གཅིག་སྦྲེལ་དང་། མི་དམངས་དང་གཅིག་སེམས་གཅིག་འབྲེལ། ས་གཞི་ཆེ་མོར་གཞི་ཚུགས་པ། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ། དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་གསར་རྩོམ་ཧུར་ཐག་བཅས་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་ཆེད་རིག་རྩལ་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད།