མིག་སྔར་རང་རྒྱལ་ཕྱོགས་ཡོངས་ནས་འབྲུབ་དུས་སུ་བསླེབས་ཤིང་། གནམ་གཤིས་ངན་པ་དང་། ས་གཤིས་ཀྱི་གནོད་འཚེ་སྣ་ཚོགས་ཀྱི་ཉེན་ཁ་ཆེ་རུ་ཕྱིན་པ་དང་ཆབས་ཅིག ལྔ་པའི་ཚེས་ལྔའི་དུས་ཆེན་དང་དབྱར་ཁའི་གུང་གསེང་རིང་ཡུལ་སྐོར་བ་མང་བའི་དུས་བཟང་ཡང་འཆར་ཉེར་ཡོད་པས། རིག་གནས་དང་ཡུལ་སྐོར་པུས་རྒྱ་ཆེའི་ཡུལ་སྐོར་བར་ཕྱིར་སྐྱོད་བདེ་འཇགས་ཐད་དོ་ཁུར་དམ་ཟབ་བྱེད་དགོས་པའི་དྲན་སྐུལ་བྱས་པ་སྟེ།
གཅིག འབྲུབ་དུས་ཀྱི་བདེ་འཇགས་ལ་དོ་ཁུར་བྱེད་དགོས། དམིགས་ས་དང་ལམ་རྒྱུད་ཀྱི་གནམ་གཤིས་གནས་ཚུལ་དང་། གནམ་གཤིས། ས་གཤིས་གནོད་འཚེ་བཅས་ཀྱི་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ལ་དོ་ཁུར་དམ་ཟབ་བྱས་ཏེ་མཛེས་ལྗོངས་ཁུལ་གྱི་སྒོ་དབྱེའི་གནས་ཚུལ་སྔ་སྣུར་དུ་རྒྱུས་ལོན་དང་། འཆར་འགོད་ལུགས་མཐུན་བྱས་ནས་དུས་ཐོག་ཏུ་ལམ་ཐིག་བཀོད་སྒྲིག་ལེགས་སྒྲིག་བཅས་བྱེད་དགོས། གསར་སྤེལ་དང་སྒོ་མ་འབྱེད་པ། བདེ་འཇགས་འགན་སྲུང་མེད་པའི་ས་ཁོངས་སུ་མི་འགྲོ་ཞིང་། ལམ་ནོར་ཐེབས་པ་དང་། རྨས་སྐྱོན་ཕོག་པ། ཆུར་ལྷུང་བ་བཅས་ཀྱི་ཉེན་ཁ་ལ་དོགས་ཟོན་བྱེད་དགོས།
གཉིས འགོག་སྲུང་བྱེད་ཐབས་ཡག་པོ་སྒྲུབ་དགོས། དབྱར་ཁའི་གུང་གསེང་རིང་ཚ་གདུག་འགོག་པ་དང་། ཐོག་འགོག་པ། ཆར་པ་འགོག་པ་བཅས་ཀྱི་གྲ་སྒྲིག་ཡག་པོ་བྱེད་དགོས། འོད་འགོག་དང་ཚ་སེལ་རྫས་དང་སྨན་རྫས་གྲ་སྒྲིག་བྱས་ཏེ། རྔུལ་ཆུ་མང་དུས་ཆུ་འཐུང་དགོས། ཕྱི་རོལ་དུ་བྱེད་སྒོ་སྤེལ་དུས་ཉིན་གུང་གི་དྲོད་ཚད་ཧ་ཅང་མཐོ་བའི་དུས་ལ་གཡོལ་གང་ཐུབ་དང་། འབུ་སྦྲང་གིས་རྨུག་པར་གཟབ་པ་དང་། མེ་སྐྱོན་སྔོན་འགོག་ལ་དོ་སྣང་བྱེད་དགོས།
གསུམ། ཉེན་ཁའི་སྔོན་འགོག་གི་འདུ་ཤེས་ཆེ་རུ་གཏོང་དགོས། རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་བྱ་ཡུལ་གྱི་བདེ་འཇགས་དུས་བབ་དང་དོ་སྣང་བྱེད་དགོས་པའི་དོན་ཚན་ལ་དོ་སྣང་བྱས་ཏེ་ཉེན་ཁ་ཆེ་བའི་ས་ཁུལ་དུ་མི་འགྲོ་བ་དང་། ཞབས་ཞུའི་ཚད་གཞི་དང་སྤུས་ཚད་དང་ཡུལ་སྐོར་འགག་སྒྲོལ་གྱི་ཆ་འཕྲིན་དབྱེ་འབྱེད་ལ་དོ་སྣང་བྱེད་དགོས། ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་ཐོན་རྫས་གདམ་ག་ཡག་པོ་བྱས་ཏེ “ལུགས་དང་མི་མཐུན་པའི་རིན་གོང་དམའ་བའི་ཡུལ་སྐོར”ལ་དོགས་ཟོན་དགོས། འཕྲུལ་སྒུལ་འཁོར་ལོ་བསྐོར་དུས་སྐྱོབ་ཐག་རྒྱག་དགོས། ལྟ་སྐོར་གྲུ་གཟིངས་ལ་སྡོད་སྐབས། གཏན་འབེབས་ལྟར་་སྐྱོབ་གོས་གྱོན་པ། ལས་ཡུལ་གྱི་མེ་ཟོན་དང་དེ་བཞིན་བདེ་འཇགས་དོ་དམ་གྱི་གཏན་འབེབས་ཁག་ལ་བརྩི་སྲུང་ནན་པོ་ཞུ་དགོས། རང་གི་ལུས་ཕུང་གི་གནས་ཚུལ་ལ་གཞིགས་ཏེ་མཁའ་ལམ་དང་། མྱུར་བགྲོད། ཆུ་ངོས་སོགས་ཉེན་ཁ་ཡོད་པའི་རྣམ་གྲངས་ནང་ཞུགས་པར་གཟབ་དགོས།
བཞི། བདེ་ཐང་དཔལ་ཡོན་ཡུལ་སྐོར། མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་དང་བཟའ་བཏུང་གི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས། བཅའ་ཁྲིམས་ཁྲིམས་སྲོལ་དང་སྤྱི་སྒྲིག་སྲོལ་བཟང་ལ་བརྩི་སྲུང་། གནས་ཡུལ་ལྟ་སྐོར་སྣེ་སྟོན་ལ་བརྩི་སྲུང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་། རིག་དངོས་གནའ་ཤུལ་ལ་གཅེས་སྤྲས། སྤྱི་ནོར་ལ་གཅེས་སྤྲས་བཅས་བྱས་ནས་ཡ་རབས་ཡུལ་སྐོར་གྱི་དར་སྲོལ་གསར་པ་དར་སྤེལ་གཏོང་དགོས།