དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ནུས་ཤུགས་བསྩལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

[དམངས་འཐུས་ཚོགས་ཆེན་བྱ་བའི་སྐར་ཁུང]དམངས་འཐུས་ཚོགས་ཆེན་གྱི་དཔལ་འབྱོར་ལས་དོན་ལྟ་སྐུལ་ལ་ཤུགས་བརྒྱབ་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ནུས་ཤུགས་བསྩལ།

——མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་དཔལ་འབྱོར་ལས་དོན་ལ་ལྟ་སྐུལ་བྱས་པའི་ལག་ལེན་དངོས་བཀོད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། དུས་རབས་གསར་པའི་དམངས་འཐུས་ཚོགས་ཆེན་དཔལ་འབྱོར་བྱ་བར་ལྟ་སྐུལ་བྱེད་པའི་གནས་བབ་གསར་པ་དང་ལས་འགན་གསར་པ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་། དཔལ་འབྱོར་ལྟ་སྐུལ་གྱི་ཁྲིམས་སྐྱོང་རྨང་གཞི་མུ་མཐུད་ཇེ་བརྟན་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས2022ལོའི་ཟླ11པར《དཔལ་འབྱོར་བྱ་བར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)བཟོ་བཅོས་བརྒྱབ་ནས་ལག་བསྟར་བྱས་ཏེ་ལམ་ལུགས་འཛུགས་སྐྱོང་ལ་བརྟེན་ནས་དཔལ་འབྱོར་ལྟ་སྐུལ་ཁྲིམས་སྐྱོང་ཅན་དང་། ཚན་རིག་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་བར་སྐུལ་འདེད་དང་། ལྟ་སྐུལ་བྱ་བར་གཏིང་ཟབ་རྒྱ་སྐྱེད་དང་སྤུས་འབྲས་ཇེ་ལེགས་གཏོང་བར་སྐུལ་འདེད་བཏང་།

ལོ་གསུམ་རིང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《གཏན་འབེབས》ལག་བསྟར་བྱེད་པ་དམིགས་སུ་བཟུང་ནས་ལྟེ་བར་དམ་པོར་འབྲེལ་ཅིང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། ལྟ་སྐུལ་ནུས་ལྡན་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ཡོང་བ་དང་། ལྗང་བརྟེན་གསར་བསྒྱུར་ལ་ཕྱོགས་ནས་གྲངས་འབོར་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོར་འདེགས་བཅས་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོ་རྩོམ་རྒྱུར་རྨང་གཞི་བརྟན་པོ་བཏིངས།

ཆབ་སྲིད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་ལྟ་སྐུལ་གྱི་ཡང་དག་པའི་ཁ་ཕྱོགས་བརྟན་པོ་བཟོས་པ།     

《གཏན་འབེབས》ནང་ཏང་གིས་དཔལ་འབྱོར་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་དེ་རྩ་དོན་གཙོ་བོར་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཚོ་སྔོན་དུ་ལག་བསྟར་དང་ཕན་འབྲས་ཐོན་རྒྱུའི་འགན་སྲུང་བྱས་ཡོད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་རྒྱུ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱ་རྒྱུའི་བླང་བྱ་གལ་ཆེན་ལ་དམ་པོར་སྦྲེལ་ནས། ཞི་ཅིན་ཕིང་གི་དཔལ་འབྱོར་བསམ་བློ་དེ་དཔལ་འབྱོར་ལྟ་སྐུལ་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིར་སྐྱ་འཐིབས་ཏེ་ཁྲིམས་སྐྱོང་ལྟ་སྐུལ་གྱི་སྟོབས་ཤུགས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱེལ་བྱེད་དགོས།    

ཆེད་དོན་གྱི་ལྟ་སྐུལ་ལ་བརྟེན་ནས་ཐོན་ལས་གོང་འཕེལ་གཏོང་དགོས།     2023ལོའི་ཟླ9པར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས་བསྐྲུན་ཚུལ་གྱི་ཆེད་དོན་བྱ་བའི་སྙན་ཞུར་ཉན་ནས་གྲོས་ཞིབ་བྱས་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅིས་རུ་ཁག་གི་སྣེ་ཁྲིད་དེ་ཞིང་ཆེན་ཕྱི་ནང་དུ་རྟོག་ཞིབ་གཏིང་ཟབ་བྱེད་པར་བསྐྱོད་དེ་ལས་ཁུངས་དང་ཁེ་ལས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་ཉན་པ་དང་། སྤུས་ཚད་མཐོ་བའི་རྟོག་ཞིབ་སྙན་ཞུ་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱ་རྒྱུར་འདེགས་སྐྱོར་ཞིབ་ཕྲ་མཁོ་འདོན་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་ཁེག་གནས་དང་དཀའ་གནད་སེལ་རྒྱུར་སྐུལ་འདེད་བཏང་སྟེ་ཆེད་དམིགས་གྱི་ལྟ་སྐུལ་ལ་བརྟེན་ནས་ཐོན་ལས་གོང་འཕེལ་བཏང་།    

ལྟ་སྐུལ་ལ་བརྟེན་ནས་ཁྲིམས་འཛུགས་ལ་སྐུལ་འདེད་བཏང་ནས་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འཛུགས་དགོས། ལྟ་སྐུལ་གྱི་བྱས་འབྲས་ཁྲིམས་འཛུགས་ཀྱི་ལག་ལེན་དུ་བསྒྱུར་ནས《མཚོ་སྔོན་ཞིང་ཆེན་གྱི་ཚྭ་མཚེའུ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》《མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》བཟོ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཚྭ་མཚེའུ་དང་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མར་གྱུར་ཏེ་ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་ཁྲིམས་སྐྱོང་གི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་པ་མ་ཟད། རྒྱལ་ཁབ་རིམ་པའི་ཁྲིམས་འཛུགས་ཐད་མཚོ་སྔོན་གྱི་ཉམས་མྱོང་གསོག་འཇོག་བྱས། 2025ལོའི་བར་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མའི་འཕྲུལ་འཁོར་སྒྲིག་སྦྱོར་གཞི་ཁྱོན་ཆན་ཝ་ཁྲི7900བར་འཕར་བ་དང་། ཚྭ་མཚེའུ་ཡི་ཅཱ་ལུད་དང་ཐཱན་སྐྱུར་ལིས་ཀྱི་ཐོན་ཚད་བརྟན་པོར་འཕར་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ནུས་རྒྱུའི་བདེ་འཇགས་ལ་འགན་སྲུང་ནུས་ལྡན་བྱས།

ལྟེ་བའི་ལས་འགན་ལ་དམིགས་ཏེ་གནད་ལ་འཁེལ་བའི་ལྟ་སྐུལ་ལ་བརྟེན་ནས་འཐབ་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ།

《གཏན་འབེབས》ནང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཤུགས་ཆེན་བྱེད་དགོས་པ་ཁ་གསལ་བཏོན་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་སོགས་ཀྱི་ལས་འགན་གཙོ་བོ་དང་དམིགས་འབེན་ལ་ཕྱོགས་ཏེ་མཉམ་དུ་ཤུགས་བཏོན་ནས།  སྤུས་ཚད་མཐོ་བའི་ལྟ་སྐུལ་གྱིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས་པ་གསལ་འབེབས་བྱས།      

བརྟོལ་བའི་རྣམ་པའི་ལྟ་སྐུལ་གྱིས་ལྗང་མདོག་རྩིས་ཤུགས་ཐོན་ལས་ལ་ནུས་པ་སྤྲོད་དགོས། ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་བཀོད་སྒྲིག་ལ་དམིགས་ནས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགྱོགས་མྱུར་ལག་བསྟར་དང་། མཐོ་སར་སྐུལ་འདེད་བྱེད་པ། རྟོག་ཞིབ་གཏིང་ཟབ་བཅས་བྱས་ཏེ། ཐོན་ལས་ཀྱི་གཞི་གྲངས་གསལ་པོར་རྟོགས་པ་དང་། སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་པ། འཕེལ་རྒྱས་ཀྱི་ཐབས་ལམ་ཡང་དག་འཚོལ་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་རྟོག་ཞིབ་གྲུབ་འབྲས་ཁག་ཅིག་གྲུབ་པ་དང་། དམངས་ཆེན་གྱིས་ཁྲིམས་ལྟར་ལྟ་སྐུལ་དང་རྒྱུན་མཐུད་སྐུལ་འདེད་འོག་མཚོ་སྔོན་ནས་རྒྱལ་ཡོངས་ཀྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཚོད་ལྟའི་ཞིང་ཆེན་ཐོག་མ་དེ་བསྐྲུན། 2025ལོའི་ལོ་མཇུག་ཏུ་འཕྲུལ་འཁོར་སྒྲོམ་གཞིའི་གཞི་ཁྱོན་དང་རྩིས་ནུས་ཆུ་ཚད“ལྡབ་གཉིས་འཕར”ཏེ་ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་ཁབ་ཀྱི་ལྗང་མདོག་རྩིས་ནུས་དང་ནུས་རྒྱུ་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་བཏིངས།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་བྱེད་པར་ཕྱོགས་ཡོངས་ནས་ལྟ་སྐུལ་སྲུང་སྐྱོབ་བྱེད་པ།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་ལ་དམིགས་ནས་རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པ་དམ་པོར་གཞིགས་ཏེ་འཕེལ་རྒྱས་ཀྱི་དམིགས་ཚད་དང་། ལས་འགན་གལ་ཆེན། སྲིད་ཇུས་བྱེད་ཐབས། ལས་གཞིའི་རྣམ་གྲངས་སོགས་ལ་དམིགས་ནས་ཁྱོན་ཡོངས་ལ་རྟོག་ཞིབ་བྱས་པ་དང་། ཆེད་དོན་རྟོག་ཞིབ་སྙན་ཞུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་ལ་ཕུལ་བ་དང་། ནང་དོན་གཙོ་བོ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འཆར་འགོད་གྲོས་འགོ་དང་སྲིད་གཞུང་གི་འཆར་འགོད་རྩ་གནད་འཆར་ཟིན་ནང་བསྡུ་ལེན་གང་ལེགས་བྱས། 2026ལོའི་ཟླ་དང་པོར《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རྩ་གནད》ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་འདེམས་ཤོག་ཆ་ཚང་ཐོག་གྲོས་འཆམ་བྱུང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ཚན་རིག་དང་མཐུན་པའི་འཆར་འགོད་དང་སྣེ་ཁྲིད་བྱས།

ལམ་སྲོལ་གསར་གཏོད་བྱས་ནས་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། “ཟུང་འབྲེལ་བཞིའི”དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་ལམ་སྲོལ་ཤུགས་ཆེན་བཙུགས་ནས་རིམ་རྩིས་བྱས་ན་དཔལ་འབྱོར་གནས་བབ་དབྱེ་ཞིབ་ཚོགས་འདུ་ཐེངས14འཚོགས་ཏེ། ཞིབ་འཇུག་དང་དཔྱད་སྡུར་གྱི་གྲུབ་འབྲས་ལ་བརྟེན་ནས་ཇུས་ཆོད་ཚན་རིག་དང་མཐུན་ཞིང་། དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡོང་བ་བཅས་ལ་དཔྱད་གཞི་ནུས་ལྡན་འདོན་སྤྲོད་བྱས། འཆར་གཞི་དོན་འཁྱོལ་ནན་པོ་དང་འཆར་འགོད་ཞིབ་བཤེར་ལྟ་སྐུལ་ཚད་ལྡན་བཟོས་ཏེ། དག་སྲུང་གསར་གཏོད་ཀྱི་ལམ་ནས་འཆར་འགོད་ལ་ཐོག་མར་ཞིབ་བཤེར་དང་། ཞིབ་བཤེར་བརྒྱུད་རིམ་ཞིབ་ཕྲ་བཟོ་བ། དཔྱད་གཞིའི་ཡིག་རིགས་འབུལ་སྤྲོད་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་འཆར་འགོད་བཟོ་བ་གསལ་བཤད་དང“ལོ་ལྔའི་འཆར་གཞི་བཅུ་བཞིའི”འཆར་འགོད་ལག་བསྟར་དཔྱད་དཔོག་སྙན་ཞུ་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་ཁ་གསབ་བྱེད་དགོས་པའི་བླང་བྱ་ཐོག་མར་བཏོན་པ་དང་། འབྲེལ་ཡོད་ཞིབ་བཤེར་ཉམས་མྱོང་རྒྱལ་ཡོངས་དམངས་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་དུས་དེབ་ཐོག་འོས་སྦྱོར་བྱས་ནས་ས་གནས་མི་དམངས་འཐུས་ཚོགས་ཀྱི་འཆར་འགོད་ཞིབ་བཤེར་ལ“མཚོ་སྔོན་གྱི་ལག་ལེན”མཁོ་འདོན་བྱས།

འགག་གནད་ལ་དམ་པོར་དམིགས་ནས་འབེན་ཁ་ལྟ་སྐུལ་ལ་བསྐོར་ནས་ནང་སྐྱེས་སྒུལ་ཤུགས་འདོན་དགོས།  

《གཏན་འབེབས》ཀྱི་ཆེད་དོན་ལེའུ་ནང་སྲིད་གཞུང་གི་རྣམ་གྲངས་གལ་ཆེན་དང་སྲིད་ཇུས་གལ་ཆེན་དོན་འཁྱོལ་ལ་ལྟ་སྐུལ་བྱེད་པའི་གཙོ་གནད་ཁ་གསལ་བཟོས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགག་རྩའི་ལྷུ་ཚིགས་དང་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། ཆེད་དོན་ལྟ་སྐུལ་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས་ལས་འགན་གཙོ་བོར་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད།

རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་རྗེས་འདེད་ལྟ་སྐུལ་བྱེད་དགོས། “ལོ་ལྔའི་འཆར་འགོད་བཅུ་བཞིའི”འཆར་འགོད་ཀྱི་རྣམ་གྲངས་གལ་ཆེན་དང་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་རྣམ་གྲངས་ལ་དོ་སྣང་ཆེན་པོ་བྱས་ཏེ། ཡུལ་དངོས་སུ་རྣམ་གྲངས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས། རིམ་རྩིས་བྱས་ན་རྣམ་གྲངས་གལ་ཆེན48ལ་འཚམས་འདྲི་དང་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞིའི”འཆར་འགོད་ཀྱི་ལས་གཞིའི་གལ་ཆེན་རྣམ་གྲངས་ཁག155བརྟན་པོའི་ངང་ལག་བསྟར་བྱས། རྒྱལ་ཁབ་ཀྱི་འཆར་འགོད་ནང་མཚོ་སྔོན་དང་འབྲེལ་བ་ཡོད་པའི་ལས་གཞི་གལ་ཆེན་ཁག10བདེ་བླག་ངང་སྤེལ་ནས་མ་འཇོག་རྒྱ་ཆེར་ནུས་ལྡན་བཏང་བ་དང་དཔལ་འབྱོར་བརྟན་པོ་ཡོང་ཐུབ་བྱས་ཡོད།

གནད་ལ་འཁེལ་བའི་སྒོ་ནས་དངུལ་རྩའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། 2025ལོར་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ལས་དོན་གྱི་ཆེད་དོན་སྙན་ཞུ་ཐོག་མར་ཉན་ཞིང་གྲོས་ཞིབ་བྱས་ཏེ་དངུལ་རྩའི་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་དང་དངུལ་རྩའི་ཉེན་ཁ་སྔོན་འགོག་སེལ་རྒྱུར་སྐུལ་འདེད་བཏང་། འབྲེལ་ཡོད་བྱ་བའི་གྲུབ་འབྲས་དེ《མཚོ་སྔོན་ཉིན་རེའི་ཚགས་པར》དང་ཞིང་ཆེན་ཏང་ཨུའི《ཉིན་རེའི་གནས་ཚུལ》གྱིས་བརྒྱུད་སྤེལ་དང་།  2025ལོར་ཞིང་ཆེན་ཡོངས་ཀྱི་དངུལ་བཅོལ་དང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར8000ལས་བརྒལ་ནས་ཉེན་ཁ་ཆེ་བའི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་ཚང་མ་ཚད་གཞིར་བསླེབས་ཏེ་བརྒྱུད་རིམ་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མེད་པའི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱས་ཡོད།

འཐུས་མིའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ལྟ་སྐུལ་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས། འཐུས་མི་དང་འབྲེལ་བ་བྱེད་པའི་བྱ་བའི་ལམ་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང་། འཐུས་མི་དཔལ་འབྱོར་ལྟ་སྐུལ་ནང་ཞུགས་པའི་ཐབས་ལམ་རྒྱ་ཆེར་བཏང་། 《གཏན་འབེབས》བཟོ་བཅོས་རྒྱག་པ་དང་། ལྟ་སྐུལ་རྣམ་གྲངས་གཏན་འཁེལ། རྟོག་ཞིབ་ཞིབ་བཤེར་སོགས་ཀྱི་བྱ་བའི་ཁྲོད་རང་འགུལ་ངང་འཐུས་མི་གདན་ཞུ་གཏིང་ཟབ་ཞུགས་སུ་བཅུག་པ་དང་། འཐུས་མིའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཏེ།  འཐུས་མིའི་གྲོས་འགོ་གཙོ་བོར་བཟུང་ནས་སྒྲུབ་པར་སྐུལ་འདེད་དང་ཤུགས་སྣོན་བྱས།    ལོ་གསུམ་རིང་རིམ་རྩིས་བྱས་ན་གཙོ་གནད་ལྟ་སྐུལ་འཐུས་མིའི་གྲོས་འགོ་ཁག6ཡོད་པ་དང་། གྱོད་དཔེ་ཕུལ་བྱུང་ཁག1ལ་གདེང་འཇོག་ཐོབ་ཡོད།  ཆེད་དོན་གསལ་འགྲེལ་དང་། རྒྱུན་རྣམ་ཅན་གྱི་སློབ་སྦྱོང་ཟུར་ཁྲིད། འཆར་གཞི་དང་སྔོན་རྩིས་ཞིབ་བཤེར་གསོ་སྦྱོང་བཅས་དུས་གཅིག་ཏུ་སྤེལ། དཔལ་འབྱོར་བྱ་བའི་དཔྱད་ཡིག་ཕྱོགས་བསྒྲིགས་རྩོམ་སྒྲིག་བྱས་ནས་འཐུས་མིའི་འགན་འཁྲི་སྒྲུབ་པའི་ཕན་ནུས་ཆེ་རུ་ཏན་ཏིག་བཏང་སྟེ་ལྟ་སྐུལ་བྱ་བར་དམངས་ཀྱི་བློ་གྲོས་དང་དམངས་ཤུགས་གོང་བུར་བསྒྲིལ་ཡོད།

མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་ནས་དམངས་འཚོའི་ལྟ་སྐུལ་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་སྲུང་སྐྱོང་བྱེད་དགོས།

《གཏན་འབེབས》ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་ལྟ་སྐུལ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། དམངས་འཚོའི་ཞན་ཆ་ཁ་གསབ་བྱེད་པ་སོགས་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་སོགས་ལ་དམིགས་ནས་སེམས་ཤུགས་བཀོལ་ནས་དམངས་འཚོའི་བདེ་རྩར་ཐུག་པ་དག་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།    

ཚོང་གཉེར་ཁོར་ཡུག་གི་ཁྲིམས་བསྟར་ཞིབ་བཤེར་ནན་པོ་བྱེད་དགོས།  ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི“སྲོལ་ཡིག་གཉིས”ཀྱི་ཁྲིམས་འཛིན་ཞིབ་བཤེར་སྒྲིག་འཛུགས་བྱས་ཏེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་གཙོ་བོ་སྐུ་ངོ་མས་བྱ་བའི་ཇུས་གཞིར་མཛུབ་ཁྲིད་དང་ཞིབ་བཤེར་གཏན་འབེབས་བྱེད་པ་མ་ཟད། ད་དུང་རུ་ཁག་གི་སྣེ་ཁྲིད་དེ་ཡུལ་དངོས་སུ་ཞིབ་བཤེར་བྱས་ནས་ཞིང་ཆེན་དང་། གྲོང་ཁྱེར། ཁུལ། རྫོང་། གྲོང་ཁྱེར། ཆུས་བཅས་ཀྱི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་མཉམ་འགུལ་ཞིབ་བཤེར་བྱེད་པ་དང་རིམ་ཁག་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་རྒྱ་ཁྱབ་ངང་ཞུགས་པའི་བྱ་བའི་རྣམ་པ་བསྐྲུན་ཏེ་ཞིབ་བཤེར་བྱེད་སྟངས་གསར་གཏོད་དང་ཆེད་ལས་སྟོབས་ཤུགས་བསྡུ་ལེན་བྱས་ནས། དྲ་རྒྱའི་འདྲི་ཤོག་བརྟག་དཔྱད་དང་། ཕྱོགས་གསུམ་པའི་གདེང་འཇོག་སོགས་ཀྱིས་ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཕྱི་རོལ་ཡུལ་དང་མཐུན་ཞིང་ཁྱོན་ཡོངས་ཀྱི་ཞིབ་བཤེར་སྙན་ཞུ་གྲུབ་པ། ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་འགྱུར་བཏང་། 2025ལོའི་ལོ་མཇུག་ཏུ་ཚོང་གཉེར་ཁོར་ཡུག་གི་ཕྱོགས་བསྡུས་སྟོན་གྲངས་དེ2020ལོ་ལས་བརྒྱ་ཆའི་གྲངས35.6འཕར་བ་དང་། “ཕྱོགས་བསྡུས་ཞིབ་བཤེར་ཐེངས་གཅིག”དང་“ཨང་བཤེར་ཁེ་ལས་ནང་ཞུགས་པའི”བྱེད་སྟངས་དེ《ཀྲུང་གོའི་ཚོང་གཉེར་ཁོར་ཡུག་འཕེལ་རྒྱས་སྙན་ཞུའི(2026)》དཔེ་མཚོན་གྱོད་དཔེར་བདམས་པ་དང་ཁྲོམ་རའི་བྱེད་པོའི་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།

དམངས་འཚོའི་ཁྱབ་ཁོངས་ཀྱི་ཞན་ཆ་རྒྱུན་མཐུད་ངང་ཁ་གསབ་བྱས། ལོ་རེའི་དམངས་འཐུས་ཚོགས་ཆེན་གོང་གི་འཆར་གཞི་དང་སྔོན་རྩིས་ཀྱི་ཐོག་མའི་ཞིབ་བཤེར་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ལོ་གསུམ་བསྟུད་མར་སྨན་བཅོས་འགན་སྲུང་དང་སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་བྱ་བའི་སྙན་ཞུ་ཆེད་མངགས་ཉན་པ་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་བྱ་བ་ཐག་གཅོད་བྱེད་པར་སྐུལ་འདེད་བྱས།  2025ལོའི་ལོ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ནང་ཞུགས་མཁན་མི་གྲངས་ཁྲི547.97ཟིན་པ་དང་། རིགས་ཆེན་པོ་བཅུ་ཡི་དམངས་འཚོའི་དོན་དངོས་རྣམ་གྲངས45དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ་དང་། དམངས་འཚོའི་འགན་སྲུང་ཆུ་ཚད་བརྟན་པོའི་ངང་ཇེ་མཐོར་ཕྱིན་པ་མ་ཟད། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བཅས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་མགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཚགས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས《གཏན་འབེབས》ཀྱི་བླང་བྱ་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྟ་སྐུལ་ངེས་གནས་བརྟན་སྲུང་དང་། ལྟ་སྐུལ་བྱེད་སྟངས་གསར་གཏོད། ལྟ་སྐུལ་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྔར་ལས་ནུས་ལྡན་གྱི་དཔལ་འབྱོར་ལྟ་སྐུལ་ཁྲིམས་སྐྱོང་འགན་སྲུང་ལ་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་འབྲི་ཆེད་དམངས་འཐུས་ཚོགས་ཆེན་གྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།