མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། འབྲུ་རིགས་བདེ་འཇགས་དང་རྨོ་ཞིང་སྲུང་སྐྱོང་སྲུང་ཡོལ་ཇེ་བརྟན་དུ་གཏོང་བ་དང་། ས་ཞིང་བེད་སྤྱོད་རྣམ་པའི་བརྒྱུད་རིམ་ཧྲིལ་པོར་གནད་འཁེལ་དོ་དམ་ཚོད་འཛིན་ཐུབ་ཆེད། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི430འདེབས་འཛུགས་ཐད་སྤྱོད་པའི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། “བར་སྣང་དང་གནམ་ས”གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་དྲ་རྒྱ་ཕྱོགས་ཡོངས་ནས་བསྐྲུན་ནས གཞི་གྲངས་ཅན་གྱི་ཚན་རྩལ་བྱེད་ཐབས་ལ་བརྟེན་ནས་ས་ཞིང་ལ་སྲུང་ཐུབ་པ་མངོན་འགྱུར་བྱས།
ས་ཞིང་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་གནད་ལ་འཁེལ་མིན་དང་། ཡུལ་དངོས་སུ་ཞིབ་བཤེར་བྱ་རྒྱུ་ནི་འགག་རྩ་ཡིན། མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་ཀྱི་ས་ཞིང་ཞིག་ཏུ་ཞིང་ཆེན་ཞིང་ཕྱུགས་ལས་ཁུལ་དབྱེ་བའི་རྒྱང་ཚོར་ལྟེ་གནས་ཀྱི་ལག་རྩལ་མི་སྣས་སྒྲིག་ཆས་འཁྱེར་ནས་རྐང་འོག་གི་གྲོ་ཞིང་ལ་ཕྱོགས་གཅིག་ནས་འཚོལ་བསྡུ་དང་ལོ་ཏོག་གི་རིགས་དབྱེ་ཞིབ་བཤེར་བྱས།“ས་ཆ་དེར་གྲོ་བཏབ་ཡོད་པས་སྐྱེ་འཚར་ཡག་པོ་ཡོད་པས། ས་ཆ་དང་། རྒྱ་ཁྱོན། སྣ་ཁ་བཅས་ཚང་མ་ཟིན་ཐོར་འགོད་དགོས། ”ཅེས་ལག་རྩལ་མི་སྣས་བཀོལ་སྤྱོད་བྱེད་ཞོར་བཤད།
ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་ཆེད་ཉེ་དུས་ཞིང་ཆེན་ཞིང་འབྲོག་ལས་ཁུལ་དབྱེ་བའི་རྒྱང་ཚོར་ལྟེ་གནས་ཀྱིས་ཆེད་ལས་ས་ངོས་ཞིབ་བཤེར་ལས་དོན་རུ་ཁག3ཆེད་མངགས་སུ་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)ཁག་དང་རྫོང(གྲོང་ཁྱེར་དང་ཆུས)29ལ་བསྐྱོད་དེ་ཡུལ་དངོས་སུ་ཞིབ་བཤེར་བྱས། ལས་དོན་མི་སྣས་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི430ཡི་ས་དུམ་ཕྱོགས་ཚད་ཀྱི་གཞི་གྲངས་དང་། འཛུགས་སྐྲུན་བྱ་ཡུལ། འཛུགས་སྐྲུན་དུས་ཚོད་བཅས་རེ་རེ་བཞིན་གནད་འཁེལ་ཞིབ་བཤེར་གཏན་འཁེལ་བྱས་པ་དང་ཆབས་ཅིག ས་གནས་ཁག་གི་ཞིང་ཕྱུགས་ལས་ཐོན་ཁུངས་ཁུལ་དབྱེ་དང་། རྒྱང་ཚོར་ལྟ་ཞིབ་ཚད་ལེན། གནམ་གཤིས་སྔོན་བརྡ་གཏོང་བ་སོགས་ཀྱི་བྱ་བའི་དགོས་མཁོ་དངོས་གྲལ་བཤེར་དང་གསེད་བཀྲོལ་བྱས་ནས་ཞིང་ཁའི་དུས་འཁོར་ཧྲིལ་པོའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་གཞི་གྲངས་ཀྱི་གཞི་གདན་བརྟན་པོ་ཞིག་བསྐྲུན།
ས་ཞིང་གི་དངོས་ཡོད་རྨོ་འདེབས་གནས་ཚུལ་ལ་དམིགས་ནས་ས་གནས་ཁག་གི་ས་ཞིང་འདེབས་འཛུགས་ཀྱི་གྲུབ་ཆ་དང་ས་ཞིང་བེད་སྤྱོད་ཀྱི་ད་ལྟའི་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ། རྨོ་ཞིང“ཞིང་ས་མིན་པར་མ་འགྱུར་བ”དང་“འབྲུ་རིགས་མིན་པར་འགྱུར་བའི”གནད་དོན་འབྱུང་རྩ་ནས་ཚོད་འཛིན་ནན་པོ་བྱེད་དགོས། རྣང་ཞིང་དངོས་སུ་ཚད་ལེན་བྱས་པའི་གཞི་གྲངས་དེ་དག་སྲུང་སྐར་དང་མི་མེད་གནམ་གྲུའི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱས་འབྲས་ཀྱི་ཞིབ་དཔྱད་ཚད་ལེན་དང་དཔེ་དབྱིབས་དག་བཅོས་ཐད་ཀར་སྤྱད་དེ་ལྟ་ཞིབ་ཚད་ལེན་གྱི་གྲུབ་འབྲས་ཚང་མ་དངོས་འབྲེལ་བློས་འགེལ་ཆོག་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཞིང་ལས་དོ་དམ་ལས་དོན་ཐད་སྤྱོད་ཐུབ་པ་བྱ་རྒྱུ་རེད།
ས་ངོས་ཞིབ་བཤེར་དང་། སྲུང་སྐར་རྒྱང་ཚོར། མི་མེད་གནམ་གྲུས་བར་སྣང་ནས་པར་རྒྱག་པ་བཅས་ཀྱི་བྱེད་ཐབས་གསུམ་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱིས་གནམ་གཤིས་དང་ལངས་གཟུགས་ཅན་གྱི་ཚད་གཞི་མཐོ་བའི་ས་ཞིང་རིག་ནུས་ལྟ་སྐུལ་དོ་དམ་མ་ལག་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་པ་དང་། ཆ་ཚང་བའི“བར་སྣང་དང་གནམ་ས”གཞི་གཅིག་ཅན་གྱི་ལངས་གཟུགས་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་བསྐྲུན། ལྟ་ཞིབ་ཚད་ལེན་ལས་དོན་ཁྲོད་མཁའ་དབྱིངས་སུ་ཡན་ལག་རིམ་པ་མཐོ་བ་དང་ཐོན་ཁུངས་རིམ་པ་སོགས་འབྱུང་ཁུངས་མང་བའི་སྲུང་སྐར་གྱི་གཞི་གྲངས་དང་དབྱེ་འབྱེད་ཐུབ་ཚད་ལས་བརྒལ་བའི་བསྐྱར་སྐྲུན་ལག་རྩལ་ལ་བརྟེན་ནས་སྲུང་སྐར་གྱི་བརྙན་པར་དབྱེ་འབྱེད་ཐུབ་ཚད་སྨི0.2ནས་སྨི2བར་ཇེ་མཐོར་བཏང་སྟེ། རྨོ་ཞིང་རྨོ་འདེབས་ཀྱི་རྣམ་པ་དང་། འདེབས་འཛུགས་གྲུབ་ཆ། སྐྱེ་དངོས་སྐྱེ་ཚུལ་སོགས་ཀྱི་ཞིབ་ཕྲའི་ཆ་འཕྲིན་གསལ་པོ་འབྱེད་ཐུབ་ཀྱི་ཡོད། བར་སྣང་དུ་མི་མེད་གནམ་གྲུ་བཏང་སྟེ་ལྟ་ཞིབ་ཚད་ལེན་མི་ཐུབ་ས་ཚད་ལེན་ཐུབ་པའི་ཆེད་དོན་ལས་དོན་སྤེལ་བ་དང་། དམིགས་གནས་རང་བཞིན་ལྡན་པའི་སྒོ་ནས་རི་ཁུལ་དང་ཞིང་ཆུང་བ་སོགས་སྲུང་སྐར་ལ་ལྟ་ཞིབ་ཚད་ལེན་མི་ཐུབ་པའི་ཁུལ་དུ་དམིགས་ནས་བར་ཐག་ཉེ་བའི་སྒོ་ནས་ཞིབ་ཚད་མཐོ་བའི་བརྙན་པར་འཚོལ་བསྡུ་བྱས་ཏེ། སྲུང་སྐར་ལྟ་ཞིབ་ཚད་ལེན་གྱི་ཞིབ་ཕྲའི་ཞན་ཆ་ཁ་གསབ་བྱས། ས་ངོས་ཞིབ་བཤེར་ལས་དོན་རུ་ཁག་ལ་བརྟེན་ནས་གནས་གཏན་འཁེལ་གྱི་ཞིབ་བཤེར་དང་སྐབས་བསྟུན་དཔེ་འདེམས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་གཞི་གྲངས་གནད་འཁེལ་དང་ནོར་འཕྱུགས་མེད་པར་འགན་སྲུང་བྱས།