མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས9ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་རྒྱལ་ཁབ་ནུས་ཁུངས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཙུའུ་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཙོའུ་ལེ་སོགས་ལ་བཞུགས་མོལ་བྱས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཙོའུ་ལེ་སོགས་ལ་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོ་ཚོས་བཤད་རྒྱུར། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ཁ་ཕྱོགས་ལྟར་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། ཆུ་ཁུངས་ཕུན་སུམ་ཚོགས་པ་དང་འོད་ཕུན་སུམ་ཚོགས་པ། རླུང་བཟང་བ། ས་རྒྱ་ཆེ་བ་བཅས་ཀྱི་ཐོན་ཁུངས་དགེ་མཚན་ལ་བརྟེན་ནས། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་སའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། དག་གཙང་ནུས་ཁུངས་དེ་མཚོ་སྔོན་གྱི་ཆེས་ཆེ་བའི་ཁྱད་སྟོབས་དང་། སྦས་ཤུགས་ཆེས་ཆེ་བའི་ཐོན་ལས་སུ་འགྱུར་བར་བྱ་རྒྱུ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”དུས་སྐབས་སུ། ཕྱོགས་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་ནུས་ཁུངས་བདེ་འཇགས་ཀྱི་བླང་བྱ་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། ལས་གཞི་འཛུགས་སྐྲུན་དང་ལག་རྩལ་གསར་སྐྲུན། རྩིས་གློག་མཐུན་སྦྱོར། གྲོང་གསེབ་དར་སྤེལ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་སྔར་ལས་དམ་ཟབ་བྱས་ཏེ། རྣམ་པ་གསར་པའི་ནུས་ཁུངས་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་ཆེད་དང་། ནུས་ཁུངས་སྟོབས་ལྡན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པའི་རེ་བ་ཡོད་ཟེར།
ཙོའུ་ལེ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”ཁ་ཕྱོགས་ཏེ། སྡེ་ཚོགས་ཀུང་སིས་མཚོ་སྔོན་གྱི་དགོས་མཁོ་དང་རྒྱལ་ཁབ་ཀྱི་ནུས་པ་ཟུང་འབྲེལ་བྱས་ཏེ། “སོལ་གློག་རྫས་འགྱུར་སྐྱེལ་འདྲེན”བཅས་གཞི་གཅིག་ཅན་གྱི་ཐོན་ལས་མུ་ཕྲེང་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། མཚོ་སྔོན་དུ་མ་དངུལ་གཏོང་ཚད་སྔར་ལས་ཆེ་རུ་གཏོང་བ་དང་། ཐོན་ལས་ཀྱི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ། ཕྱོགས་གཉིས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་བ་བཅས་བྱས་ནས་མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ཁུངས་ཀྱི་མཐོ་ས་འཛུགས་སྐྲུན་དང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་ཆེད་བྱས་རྗེས་འཇོག་དགོས་ཟེར།
ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཅིན་ཀང་བཞུགས་མོལ་ལ་ཞུགས།