ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》དང་། 《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་འཛུགས་སྐྲུན་སྲོལ་ཡིག》(གཤམ་དུ“བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག”ཞེས་བསྡུ་རྒྱུ་ཡིན།)ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཁྲིམས་འཛིན་ཞིབ་བཤེར་ཇུས་གཞི་བརྡ་ཁྱབ་བཏང་བ་དང་། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཞིབ་དཔྱོད་ཁང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་སོགས་འབྲེལ་ཡོད་སྡེ་ཁག་གི་གནས་ཚུལ་སྙན་ཞུར་ཉན་པར་མ་ཟད། ཁྲིམས་འཛིན་ཞིབ་བཤེར་ལས་དོན་སྤེལ་འགོ་རྩོམ་པའི་ཐད་བཀོད་སྒྲིག་བྱས་པ་ལས་གཞན། ཁྲིམས་འཛིན་ཞིབ་བཤེར་སྐོར་ནས་ཆེད་དོན་གསོ་སྦྱོང་སྤེལ།
ཞིབ་བཤེར་ཚན་ཆུང་གིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་རིགས་པའི་གཞུང་ལུགས་ཀྱི་ནུས་སྩོལ་ཤུགས་ཚད་ཆེ་རུ་གཏོང་བ་དང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཚད་གཞིའི་ཐད་ངེས་པར་དུ་གཟབ་ནན་དང་ལག་བསྟར་ཐད་ངེས་པར་དུ་དངོས་གཉེར་རྒྱུན་འཁྱོངས་བྱས་ནས། “བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག”ཁྱོན་ཡོངས་དང་ཕན་འབྲས་ལྡན་པའི་སྒོ་ནས་དངོས་འབེབས་ཐུབ་པར་འགན་ལེན་བྱེད་དགོས། “བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག”གི་ནང་དོན་གཙོ་བོར་དམ་པོར་དམིགས་རྒྱུ་དང་། གཙོ་གནད་ཁྱབ་ཁོངས་དང་གནད་འགག་གོ་རིམ། གནད་དོན་མངོན་གསལ་ཅན་བཅས་ལ་དམིགས་ཏེ། ལག་བསྟར་གྱི་ཕན་འབྲས་ཕྱོགས་ཡོངས་ནས་གསལ་པོར་རྟོགས་པ་དང་། ཞན་ཆ་དང་མི་འདང་ས་འཚོལ་ཞིབ་ནན་མོ་བྱེད་པ། དག་ཐེར་ལེགས་བཅོས་ཀྱི་གྲོས་འགོ་གནད་ལ་འཁེལ་བའི་སྒོ་ནས་འདོན་པ། ཁྲིམས་ལྟར་གོ་རིམ་ལྡན་པའི་སྒོ་ནས་ཁྲིམས་འཛིན་ཞིབ་བཤེར་བྱེད་པ་བཅས་བྱས་ཏེ། དམངས་ཆེན་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ། ཚད་མཐོའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་ཀྱི་ཐོག་ནས་གཞོགས་འདེགས་ནན་ཏན་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། བཅའ་ཁྲིམས་དང་ཁྲིམས་སྲོལ་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་། ལམ་ལུགས་ཆེས་ནན་མོ་དང་ཁྲིམས་སྐྱོང་ཆེས་ནན་མོར་བརྟེན་ནས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་སྔར་ལས་བརྟན་པོ་བསྐྲུན་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་དགོས།
རྒྱུས་ལོན་བྱུང་བ་ལྟར་ན། ཞིབ་བཤེར་ཚན་ཆུང་གིས་ཟླ6པ་ནས་ཟླ7པའི་བར་དུ། ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་སུ་ཡུལ་དངོས་ནས་ཞིབ་བཤེར་བྱ་རྒྱུ་མ་ཟད། གྲོང་ཁྱེར་དང་ཁུལ་གཞན་དག་གི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་མངགས་བཅོལ་བྱས་ནས། ས་ཁུལ་དེ་གའི་ལག་ལེན་མཐར་ཕྱིན་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་རེད། དུས་མཚུངས་སུ། “མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ”བརྗོད་དོན་ཡིན་པའི། གཙང་པོའི་མགོ་ཁུངས་ཀྱི་ཁོར་ཡུག་ལ་སྐྱོབ་བྱེད་པའི་སྐབས31པའི་དུས་རབས་ལ་ཁ་ཕྱོགས་པའི་བྱེད་སྒོ་སྤེལ་རྒྱུ་རེད།