ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཀྲུང་ལུགས་སྨན་ཁང་གིས་ཅང་སུའུ་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཆེད་མཁས་པའི་རོགས་འདེགས་འོག་སྒྲ་འདས་སྣེ་ཁྲིད་ལ་བརྟེན་ནས་དབང་རྩར་བཙིར་གནོན་ཐེབས་པའི་ནད་པ་ཞིག་ལ་སྨན་བཅོས་བྱས་ཏེ་འདིའི་ཕྱོགས་ཀྱི་ལག་རྩལ་གྱི་སྟོང་ཆ་བསྐངས་པ་མ་ཟད། མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་།
རྒྱུས་ལོན་པ་ལྟར་ན། ནད་པ་དེ་ནི་ཡུན་རིང་པོར་ཕྱུགས་འཚོ་སྐྱོང་བྱས་པའི་འབྲོག་པ་ཞིག་ཡིན་ལ། དུས་རྒྱུན་རྟ་ཞོན་པ་དང་ལྕག་གཡུག་པ་སོགས་ཀྱི་དབང་གིས་ལག་གཡས་པའི་མཐེ་བོང་གི་ཚོར་བ་ཉམས་པ་དང་བརྐྱངས་སྐུམ་མི་ཐུབ་པར་གྱུར་འདུག ཅང་སུའུ་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཆེད་མཁས་པས་སྒྲ་འདས་བརྟག་དཔྱད་བྱས་པ་བརྒྱུད་རྐང་འཛིན་དབང་རྩ་ཤ་གནད་གཞུ་དབྱིངས་ཀྱིས་མནན་ནས་ཇེ་དོག་ཏུ་གྱུར་བར་ངོས་འཛིན་བྱས་པ་དང་། སྒྲ་འདས་སྣེ་ཁྲིད་ལ་བརྟེན་ནས་དབང་རྩའི་བཙིར་གནོན་གློད་པའི་སྨན་བཅོས་བྱས་པ་དང་རྗེས་སུ་མཛུབ་མོའི་ཚོར་བ་སླར་གསོ་བྱུང་།
སྨན་བཅོས་བརྒྱུད་རིམ་ཁྲོད་དུ། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཆེད་མཁས་པས་ས་གནས་དེ་གའི་སྨན་པ་ཚོར་ལག་རྩལ་གྱི་གནད་འགག་ཞིབ་ཕྲ་འགྲེལ་བཤད་རྒྱབ་པ་དང་ལག་ལེན་དངོས་ཀྱི་དཔེ་སྟོན། གོམ་པ་རེ་རེ་བཞིན་བཀོལ་སྤྱོད་ཀྱི་ཞིབ་ཕྲའི་གནས་ཚུལ་དབྱེ་འབྱེད། རྨ་མེད་གཤགས་བཅོས་ལག་རྩལ་གྱི་གལ་གནད་མ་ལུས་བུམ་པ་གང་བྱོའི་ཚུལ་དུ་ས་གནས་ཀྱི་སྨན་བཅོས་ཚོགས་པར་བརྒྱུད་སྤྲོད་བཅས་བྱས་ཏེ་ས་གནས་སྨན་པ་རྣམས་ཀྱི་རྩལ་ནུས་ཤིག་ཏུ་འགྱུར་བར་བྱས་ནས་མ་འོངས་པར་མཐོ་སྒང་གི་མང་ཚོགས་སྔར་ལས་མང་པོ་ཞིག་གིས་རྨ་མེད་གཤགས་བཅོས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱས།