
གལ་ཏེ་ས་ཆེན་པོ་འདི་ནི་རི་མོའི་གླེགས་བམ་ཞིག་ཡིན་པའི་དབང་དུ་བཏང་ན། མཚོ་སྔོན་གྱི་མ་གདན་ནི་མུ་མཐའ་བྲལ་བའི་ལྗང་མདོག་གི་ལྡེབས་རིས་ཆེན་མོ་ཞིག་སྟེ། སྤྱི་ལེ་གྲུ་བཞི་མ་ཁྲི72ཡོད་པའི་ས་གཞི་འདིའི་སྟེང་གངས་རི་དང་འཁྱགས་ཀླུང་། ནེའུ་གསིང་། ཆུ་བོ་བཅས་ཀྱིས“བླ་ཤིང”ཐགས་སུ་བསླེས་ཤིང་། ཡལ་འདབ་ཕྱོགས་བཞིར་བཀྲམས་ཏེ་སྐྱེ་འགྲོ་ཁྲི་ཕྲག་གི་བླ་སྲོག་བསྲུངས་ཡོད།

མཚོ་སྔོན་ནི་མདོ་དབུས་མཐོ་སྒང་གི་ལྟེ་བ་སྟེ། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་གསུམ་གྱི་མགོ་ཁུངས་ཡིན་ལ“ཀྲུང་ཧྭའི་ཆུ་མཛོད”ཅེས་པའི་མཚན་སྙན་ཡང་ཡོད། ཀྲའོ་ཧྲིན་ཞིན་དང་ཏང་ཁྲིན་ཨིན་གཉིས་ཀྱིས་པར་བླངས།
མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ཡིན་པས“ཀྲུང་ཧྭའི་ཆུ་མཛོད”ཅེས་པའི་མཚན་སྙན་ཡང་ཡོད། དུས་རབས་གསར་པའི་འཕེལ་རྒྱས་ཁྲོད་ཕྱི་མིག་འཕངས་ཚེ། “སྐྱེ་ཁམས་དམ་འཛིན་དང་ལྷད་མེད་འཕེལ་རྒྱས”ཀྱི་འདུ་ཤེས་དེས་ཆུ་བོའི་མགོ་ཁུངས་ཀྱི་ས་ཆེན་ལ་གསོན་ཤུགས་བསྩལ་ཡོད། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་དེ་སྤུས་ཚད་མཐོན་པོའི་འཛུགས་སྐྲུན་གྱི་དུས་རིམ་གསར་པ་ཞིག་ཏུ་གོམ་པ་སྤོས་ཡོད་ལ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་རིམ་པའི་སྤྱི་གླིང་འཛུགས་སྐྲུན་གྱི་གྲ་སྒྲིག་བྱ་བ་ཡང་ཁྱོན་ཡོངས་ནས་མཇུག་རྫོགས་ཟིན། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་གསར་སྐྲུན་བྱ་བར་བརྟན་འཇགས་སྒོས་སྐུལ་འདེད་ནུས་ལྡན་བཏང་བས། མཚོ་སྔོན་ནི་རྒྱལ་ཡོངས་ནས་རྒྱལ་ཁབ་རིམ་པའི་སྤྱི་གླིང་གསུམ་ཡོད་པའི་ཞིང་ཆེན་གཅིག་པུར་གྱུར་ཡོད།
མཚོ་སྔོན་གྱི“བླ་ཤིང”ཞེས་པའི་ལྗོན་པ་འདི་བསྲུང་ཐུབ་ཚེ། དེ་ནི་ས་ཆེན་པོའི“ཁྲག་རྩའི་སྦུབས་ལམ”ལ་སོ་སྲུང་དང་། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་ཡོལ་ལ་བརྟན་སྲུང་ནན་མོ་བྱས་ཏེ“གཙང་ཆབ་དྭངས་མོ་ཤར་དུ་རྒྱུགས་པར”འགན་སྲུང་ཁག་ཐེག་བྱས་པ་ཡང་ཡིན། རི་མཐོ་ས་གཙང་གི་གནས་འདི་རུ་སྐྱེ་ཁམས་སོ་སྲུང་ཞེས་པ་དེ་ཁ་གཡང་ཙམ་གཏན་ནས་མིན་པར། དེ་ནི་མི་གྲངས་མེད་ཅིག་གི་གོམ་པའི་འདེགས་འཇོག་དང་ལང་ཚོའི་རྔུལ་ཆུ་གཏོར་བའི“ལྗང་མདོག་གི་རྒྱང་སྐྱོད་རིང་མོ”ཐེངས་ཤིག་ཀྱང་ཡིན། བླ་ཤིང་ཞེས་པའི་ལྗོན་པ་འདིར་སྲུང་སྐྱོབ་བྱེད་མཁན་རྣམས་དུས་ནམ་ཡང་ཆུ་བོའི་མགོ་ཁུངས་སུ་འགྲེང་ཡོད། ཁོ་ཚོ་ནི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མཁན་གྱི་བསྡུས་གཟུགས་གསོན་པོ་ཞིག་ཀྱང་ཡིན། ཡུལ་འདིའི་ས་ཆེན་པོའི་སྟེང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཡོད་པས། ང་ཚོས་སོ་སྲུང་གི་བྱས་རྗེས་ཡང་གསལ་བོར་མཐོང་ཐུབ།
བླ་ཤིང་། རྩ་བ་བརྟན་ཞིང་ཡལ་འདབ་རྣམ་པར་རྒྱས་ཡོད།
2026ལོར་མུ་འབྲེལ་བརྙན་འཕྲིན་ཟློས་གར《བླ་ཤིང》བཏང་པ་བརྒྱུད། ལྟད་མོ་པ་གྲངས་མེད་ཅིག་གི་མིག་ཞགས་རྒྱང་རིང་བའི་ཚེ་སྲོག་གི་གེགས་གནས་སུ་ཕྱོགས་ཤིང་། 《བླ་ཤིང》ལ་འགྲོགས་ནས། ང་ཚོ་དངོས་ཡོད་ཀྱི“བོད་ལ་མོ་ལམ”སྟེ་ཨ་ཆེན་གངས་རྒྱབ་ལ་ཐེངས་ཤིག་ཕྱིན།
ན་གོར་མོ་གྲོང་ཁྱེར་ནས་ལམ་ལ་ཆས་ཤིང་ནུབ་ཕྱོགས་བརྒྱུད། ཁུ་ནུ་རི་རྒྱུད་བརྒལ་བ་ན་རླངས་འཁོར་ཕྱི་རོལ་གྱི་ཡུལ་ལྗོངས་རིམ་བཞིན་ཡལ་བར་གྱུར་ན་ཡང་། རྒྱང་རིང་གི་མུ་ཁྱུད་སྟར་ཕྲེང་བསྒྲིགས་པའི་གངས་རིའི་རི་རྒྱུད་མཚམས་མ་ཆད་པར་མུ་མཐའ་བྲལ་བའི་ཐང་སྟོང་དུ་བཀྲམ་འདུག་ལ། ས་ཆེན་པོ་དང་བར་སྣང་ཁམས་གཉིས་རྒྱང་རིང་གི་ཡུལ་དུ་གཞི་གཅིག་ལ་འདྲེས་འདུག མུ་མེད་ཐང་སྟོང་འདིའི་ལྷིང་འཇགས་དང་རང་བྱུང་གི་མཛེས་པ་མངལ་དུ་སྦྲུམ་སྟེ་ཚེ་སྲོག་གི་རྣམ་ཤེས་གསོན་པོ་ཞིག་བསྲུངས་ཡོད། དཔེར་ན་གཙོད་དང་རྐྱང་སོགས་སྐྱེ་དངོས་མང་པོས་ཡུལ་འདིའི་ཐང་སྟོང་གི་གར་སྟེགས་སྟེང་དུ་ངོ་མཚར་བའི་ཚེ་སྲོག་གི་རྐྱང་བྲོ་འཁྲབ་ཞོར། ཁོ་ཚོས་ཚེ་སྲོག་རང་སྲོག་བློས་བཏང་སྟེ་སོ་སྲུང་མཛད་མྱོང་བའི་གཏམ་རྒྱུད་རེ་རེ་རྡོ་ལ་རི་མོ་བརྐོས་པ་ནང་བཞིན་སེམས་སུ་དམ་པོར་བཟུང་ཡོད།
མུ་མེད་ཐང་སྟོང་འདིའི་ལྷིང་འཇགས་དང་རང་བྱུང་གི་མཛེས་པ་མངལ་དུ་སྦྲུམ་ཏེ་ཚེ་སྲོག་གི་རྣམ་ཤེས་གསོན་པོ་ཞིག་བསྲུངས་ཡོད། ཀྲའོ་ཧྲིན་ཞིན་གྱིས་པར་བླངས།
དུས་རབས20པའི་ལོ་རབས80པར། ཧམ་སེམས་ཀྱི་ཆག་སྒོའི་རླུང་འཚུབ་ཅིག་ཨ་ཆེན་གངས་རྒྱབ་ཏུ་གཡུགས་ཏེ། གསེར་རྐོ་མཁན་དང་ལྐོག་རྔོན་པ་སྐོར་ཞིག་གིས་གནས་འདི་རུ་རང་སྣང་གང་ཤར་དང་ཁྲིམས་མེད་ལུགས་མེད་ཀྱིས་ཉམ་ཆུང་བའི་ཚེ་སྲོག་མང་པོ་ཞིག་མེ་མདའི་ངར་ཁ་རུ་བརྫངས་པས། ཨ་ཆེན་གངས་རྒྱབ་ཀྱི་གདོད་མའི་སྐྱེ་ཁམས་མ་ལག་དང་རི་སྐྱེས་སྲོག་ཆགས་མཐའ་དག་ལ་སྔར་བྱུང་མ་མྱོང་བའི་གནོད་འཚེ་ཚབས་ཆེན་ཐེབས་ཤིང་། གཙོད་ཀྱི་ཁ་གྲངས་ཡང་སྔོན་གྱི་འབུམ་གཉིས་ནས་སྐད་ཅིག་མའི་རིང་ལ་ཁྲི2ཙམ་གྱི་ཚད་ལ་ལྷུང་། སྐབས་དེར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་ཏང་ཨུའི་ཧྲུའུ་ཅི་དང་ནུབ་རྒྱུད་བཟོ་ཨུའི་ཧྲུའུ་ཅིའི་འགན་བཞེས་པའི་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་ཡུལ་འདིའི་ཡ་ང་སྙིང་རྗེ་བྲལ་བའི་རྣམ་པ་དེ་མཐོང་བས། ལྐོག་རྔོན་པ་དེ་དག་ལ་ངོ་ཡ་བྱེད་པའི་རུ་དཔུང་ཞིག་གསར་འཛུགས་བྱེད་རྒྱུའི་སེམས་ཐག་བཅད། 1994ལོའི་ཟླ1པའི་ཚེས18ཉིན་བོའུ་སྐད་ཀྱིས་ཡང་བསྐྱར་མུ་མེད་ཐང་སྟོང་འདིའི་ལྷིང་འཇགས་དཀྲོགས་ཤིང་། བསོད་ནམས་དར་རྒྱས་ཀྱིས་ལྐོག་རྔོན་པ་སྐོར་ཞིག་འཛིན་བཟུང་བྱས་ཏེ་ཡོང་བཞིན་པའི་ལམ་བར་དུ། ལྐོག་རྔོན་པ18ལ་དཔའ་ཁེར་རྒྱུག་གིས་དྲག་འཐབ་བརྒྱུད། ལོ་ན40སོན་པའི་ཁོར་སྟབས་མ་ལེགས་པར་མདེའུ་ཕོགས་ནས་སྐུ་སྲོག་ཤོར།
བསོད་ནམས་དར་རྒྱས་ཀྱིས་རང་གི་ཚེ་སྲོག་བློས་བཏང་སྟེ་ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོབ་བྱས་པ་དེས། མི་རབས་གསར་པའི་སོ་སྲུང་པ་མང་པོ་ཞིག་སྔར་བཞིན་མཐོ་སྒང་གི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་འདིར་དྲངས་ཡོད། 1995ལོར་མཚོ་སྔོན་ཞིང་ཆེན་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་གསར་འཛུགས་བྱས་ཤིང་། བསོད་ནམས་དར་རྒྱས་ཀྱི་སྲིང་མོའི་མག་པ་བཀྲ་བྷ་རྡོ་རྗེ་ཡིས་འདས་པོའི་ཕུགས་འདུན་སེམས་ལ་ཉར་ནས་མུ་མཐུད་དུ་ས་གཞི་འདིར་སོ་སྲུང་བྱས། 1997ལོར་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་དངོས་སུ་བཙུགས་ཤིང་། ལོ་དེར་སྔོན་གཤེགས་དཔའ་བོའི་མིང་ཐོག་ནས“བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས”གསར་འཛུགས་བྱས་ལ། འདི་ནི་རང་རྒྱལ་གྱིས་གཙོད་ལ་སྲུང་སྐྱོབ་དང་ལྐོག་རྔོན་པར་རྒོལ་ཆེད་གསར་སྐྲུན་བྱས་པའི་སྔོན་འགྲོའི་ས་ཚིགས་ཤིག་ཀྱང་ཡིན།

ཁུ་ནུ་རི་བོར་ཀྲོང་ངེར་འགྱིང་བའི་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་འཇིམ་སྐུ། ཞེ་ཆེན་ཡུས་ཀྱིས་པར་བླངས།
མུ་འབྲེལ་བརྙན་འཕྲིན་ཟློས་གར་ཁྲོད་ཀྱི“བླ་ཤིང”གི་མ་གཟུགས་ནི་ཏག་ཏག་ལོ་ངོ་བཞི་བཅུའི་ཡར་སྔོན་ལ་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་འབྲི་སྟོད་རྫོང་ཁོངས་སུ་དངོས་སུ་བཙུགས་པའི་ལྗོན་པ་ཐོག་མ་དེ་ཡིན་ལ། ལྗོན་པ་འདིའི་རྩ་བ་གངས་ལྗོངས་དང་། གཙང་བོའི་འགྲམ་རྒྱུད་ཀྱི་བུ་བུ་མོའི་སེམས་ཁོངས་སུ་ཟུག་ཡོད་པ་མ་ཟད། མི་ལ་སེམས་འགུལ་ཐེབས་པའི་སྙིང་སྟོབས་ཀྱི་མཚོན་རྟགས་སུ་གྱུར་ཡོད། དུས་ད་ལྟ། ཆེས་ཐོག་མའི་དུས་ཀྱི་མྱུ་གུ་དེར་གཉོམ་ལག་རྒྱས་ཤིང་ཡལ་འདབ་རྣམ་པར་བཞད་དེ། ཁོའི་སྟེང་གི་གཏམ་རྒྱུད་མཐའ་དག་རབས་རེ་རེའི་སྐྱེ་ཁམས་སོ་སྲུང་པ་དག་གི་སེམས་ནས་ཡལ་བ་མེད་པའི་བསམ་པའི་སྟོབས་ཤུགས་སུ་གྱུར་ཡོད།

མུ་འབྲེལ་བརྙན་འཕྲིན་ཟློས་གར་ཁྲོད་ཀྱི“བླ་ཤིང”གི་མ་གཟུགས་ནི་ཏག་ཏག་ལོ་ངོ་བཞི་བཅུའི་ཡར་སྔོན་ལ་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་འབྲི་སྟོད་རྫོང་ཁོངས་སུ་དངོས་སུ་བཙུགས་པའི་ལྗོན་པ་ཐོག་མ་ཡིན། འདྲ་པར་འབྲི་སྟོད་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་མཁོ་སྤྲོད་བྱས།
བསོད་ནམས་དར་རྒྱས་དང་བཀྲ་བྷ་རྡོ་རྗེ་གཉིས་སྔ་གཞུག་ཏུ་སྐུ་གཤེགས་རྗེས། རབས་རེ་རེའི་སྐོར་ཞིབ་རུ་ཁག་གིས་སྔར་བཞིན་ལོ་རེར་རྒྱུན་ཆད་མེད་པར་སྐོར་ཞིབ་བྱེད་ཀྱིན་ཡོད། ཐེངས་རེར་ཉུང་མཐར་ཡང་ཉིན་བཅུ་ཕྲག་ཁ་ཤས་དང་མང་ན་ཟླ་བ་ཁ་ཤས་ལ་སྐོར་ཞིབ་བྱེད་ཀྱིན་ཡོད། ཆོས་འཕེལ་བཀྲ་ཤིས་ནི་སྐོར་ཞིབ་རུ་ཁག་གི་ཁོངས་མི་ཤིག་ཡིན་ལ། ཁོས་བཤད་རྒྱུར།“ང་ཡུལ་འདིར་སྐྱེས་ཤིང་ཡུལ་འདིར་འཚར་ལོངས་བྱུང་བས་ན། ཡུལ་འདིར་གནས་ཚུལ་ཅི་ཞིག་བྱུང་བ་གསལ་བོར་ཤེས། ངའི་ཨ་ཞང་དང་ཨ་ཕས་བསྒྲུབས་པའི་བྱ་གཞག་གིས་ང་ལ་ཤུགས་རྐྱེན་བཟོས་ཡོད་པས། ཡུལ་འདིར་སྲུང་སྐྱོབ་བྱེད་པའི་བསམ་ཚུལ་དེ་ངའི་སེམས་སུ་བརྟན་པོར་བཅངས་ཡོད”ཟེར། སློབ་ཆེན་མཐར་ཕྱིན་རྗེས་ཁོང་གིས་ཕ་ཤུལ་བུ་ཡིས་བཟུང་ནས་ས་སྟོང་ལུང་སྟོང་འདིར་ལོ་བཅུ་ཕྲག་ཁ་ཤས་ཕྱིན་པ་དང་།ད་ལྟ་བྲག་ནག་མཚེའུ་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་བའི་འགན་ཁུར་ཡོད།
ད་ལོའི་ཟླ5པའི་ཟླ་དཀྱིལ་དུ་སྨིག་པ་ལ་སྒང་སྲུང་སྐྱོབ་ས་ཚིགས་སུ་ལྟ་ཞིབ་ཚད་ལེན་མི་སྣ་གཙོད་ཁྱུ་གནས་སྤོ་བྱེད་པའི་རྣམ་པར་ཐོག་མར་འཕྲད། ཁ་གྲངས158ཡོད་པའི་གཙོད་ཁྱུ་ཤིག་གོ་རིམ་ལྡན་པའི་ངང་ཨ་ཆེན་གངས་རྒྱབ་དབུས་ཁུལ་དུ་སྐྱོད་བཞིན་ཡོད་པ་དེས་ལོ་རེའི་གཙོད་ཕྲུག་སྐྱེ་བ་དངོས་སུ་མགོ་ཚུགས་པ་མཚོན། ལོ་རེའི་དུས་སྐབས་དེར་ཆོས་འཕེལ་བཀྲ་ཤིས་དང་རུ་མི་ཚོ་སྔ་མོ་ནས་བྲག་ནག་མཚེའུ་ས་ཁོངས་སུ་བསྐྱོད་དེ་སྐོར་ཞིབ་ལས་དོན་སྤེལ་ནས། མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ་གཙོད་གནས་སྤོ་རྒྱུར་སྲུང་སྐྱོབ་བྱེད་ཀྱིན་ཡོད།

ཨ་ཆེན་གངས་རྒྱབ་ཀྱི2026ལོའི་གནས་སྤོའི་གཙོད་ཁྱུ་ཐོག་མ། འདྲ་པར་ཨ་ཆེན་གངས་རྒྱབ་དོ་དམ་ཁང་གིས་མཁོ་སྤྲོད་བྱས།
མཚོ་འཕགས་སྨི5000ཙམ་ཡོད་པའི་མི་མེད་ཐང་སྟོང་དུ་ཟ་འཐུང་ཉལ་འཆག་དང་གྲང་ངར་ཆེ་ཞིང་དབྱང་དབུགས་ཀྱིས་མི་འདང་བའི་ཉེན་ཁ་ཆེ་བའི་ཁོར་ཡུག་ལ་གདོང་གཏད་དེ། “རི་མགོར་སྐོར་ཞིབ་བྱེད་ཐེངས་རེར་རྐྱེན་ངན་གང་ཞིག་ལ་འཕྲད་སྲིད་པ་སུས་ཀྱང་སྔོན་དཔག་བྱེད་དཀའ།”མི་མེད་ཐང་སྟོང་གི་ལམ་ལ་ཉེན་ཁ་ཧ་ཅང་ཆེ་བ་དང་། ལམ་ངོས་སུ་དར་ཆགས་པ་དང་རི་གཟར་སོགས་འགྲིམ་འགྲུལ་སྟབས་མི་བདེ་བས་རླངས་འཁོར་དོང་དུ་ལྷུང་བ་ནི་རྒྱུན་ལྡན་ཞིག་ཡིན། གྲང་ངར་ཆེ་ཞིང་དབྱང་དབུགས་དཀོན་པ། བཏུང་ཆུ་ཆད་པ་སོགས་ཁོར་ཡུག་ཧ་ཅང་ཞན་པས་སྐོར་ཞིབ་རུ་མི་ཚོས་དུས་ཡུན་རིང་བོར་དཀའ་ལས་ཆེན་པོ་མྱོང་བཞིན་ཡོད་ལ། མི་མི་ཉུང་བ་ཞིག་གི་གློ་སྙིང་ནད་པར་ཡང་གྱུར་ཡོད་མོད། ཡིན་ན་ཡང་སྲུང་སྐྱོབ་ཀྱི་ལམ་བུ་འདིར་དུས་ནམ་ཡང་གཅིག་རྗེས་གཅིག་གིས་འབྲངས་མཁན་མཚམས་ཆད་མ་མྱོང་།
ཁོར་ཡུག་དང་ལུས་པོའི་བདེ་ཐང་ལས་གཞན། ད་དུང་མི་མེད་ཐང་སྟོང་དུ་སྐོར་ཞིབ་བྱེད་སྐབས་ཁེར་རྐྱང་དང་སུན་སྣང་གི་དཀའ་ཁག་ཡང་དང་ལེན་བྱེད་དགོས། ཆོས་འཕེལ་བཀྲ་ཤིས་ཀྱིས་རུ་མི་ཚོ་དང་མཉམ་དུ་སྡོད་པའི་དུས་ཚོད་ནི་བཟའ་ཟླ་དང་ཕྲུ་གུ་ཚོ་དང་མཉམ་དུ་སྡོད་པའི་དུས་ཚོད་ལས་ཀྱང་རིང་ཞེས་བཤད། བབ་ཆགས་ཀྱི་སྐད་ཆ་དེས་སྐོར་ཞིབ་རུ་ཁག་གི་རྒྱུན་ལྡན་གྱི་འཚོ་བ་མཚོན། སྐོར་ཞིབ་བྱ་ཡུལ་གྱི་ཐང་སྟོང་ས་ཁུལ་དུ་ཉིན་རེ་བཞིན་ཁེར་རྐྱང་གི་འཚོ་བར་བསྐྱར་ཟློས་ལས་མེད། ཆོས་འཕེལ་བཀྲ་ཤིས་ཀྱིས་གལ་སྲིད་རང་ཉིད་ས་གཞི་འདིའི་ཆ་ཤས་ཤིག་ཏུ་གྱུར་མེད་ཚེ། སྔོན་གཤེགས་མེས་པོ་དག་གི་རེ་འདུན་རྒྱུན་འཛིན་བྱེད་མི་ཐུབ་ལ། རང་གི་ཡོད་ཚད་འདིའི་ཆེད་དུ་བློས་གཏོང་ཡང་མི་ཐུབ། ང་ཚོའི་སྐོར་ཞིབ་རུ་ཁག་བཙུགས་པ་ནས་ད་ལྟའི་བར་དུ་བརྟན་སྲུང་གི་སྙིང་སྟོབས་དེར་འགྱུར་ལྡོག་ཅི་ཡང་བྱུང་མེད་ཅེས་བཤད།
ད་ལྟ་རུ་མི་ཚོའི་ལས་ཀ་གཙོ་བོ་ནི་བཙའ་ལ་ཉེ་བའི་གཙོད་མར་སྲུང་སྐྱོབ་བྱེད་པ་དང་། གཙོད་ཁྱུ་དང་ཁ་བྲལ་བའི་གཙོད་ཕྲུག་བསྐྱབ་རྒྱུ་དེ་ཡིན། བསོད་ནམས་དར་རྒྱས་རང་བྱུང་སྲུང་སྐྱོབ་ས་ཚིགས་ཀྱི་གཙོད་ཕྲུག་སྙོར་སྐྱོང་ཁང་གི་རུ་མི་ཚོས་གཙོད་ཕྲུག་དག་རང་གི་ཕྲུ་གུ་ལྟར་སྙོར་སྐྱོང་བྱེད་བཞིན་ཡོད་ལ། གཙོད་ཡོད་ན་ཡུལ་ཡང་ཡོད་ཅེས་པ་ནི་ཨ་ཆེན་གངས་རྒྱབ་ཀྱི་རབས་རེ་རེའི་སོ་སྲུང་པ་དག་གི་འགྱུར་མེད་བློ་བརྟན་ཡང་ཡིན། ཁོ་ཚོར་དེ་ལྟ་བུའི་འགྱུར་མེད་བློ་གཤོག་ཡོད་པའི་རྐྱེན་གྱིས་སྔར་གྱི་གཙོད་གྲངས་ཁྲི2ནས་ཁྲི7ལྷག་ལ་འཕར་ཏེ། ལྐོག་རྔོན་མེད་པར་ལྷིང་འཇགས་སུ་གྱུར་ཡོད།
《བླ་ཤིང》ནང་འཁྲབ་ཚིག་ཅིག་ཡོད་པ་སྟེ། “མཐོ་སྒང་གི་རླུང་འཚུབ་ཁྲོད་མགོ་བོ་བསྒུར་ནའང་སར་འགྱེལ་མི་རུང་། མགོ་བོ་བསྒུར་བ་ནི་རང་བྱུང་ཁམས་ལ་གུས་འདུད་ཞུས་པ་དང་། སར་མི་འགྱེལ་བ་ནི་སོ་སྲུང་མཁན་གྱི་གཏན་ཚིགས་ཡིན། 2017ལོར་ཨ་ཆེན་གངས་རྒྱབ་འཛམ་གླིང་རིམ་པའི་རང་བྱུང་ཤུལ་བཞག་གི་མིང་ཐོའི་ཁྲོད་ཚུད་པ་དང་། ཀྲུང་གོའི་རྒྱ་ཁྱོན་ཆེས་ཆེ་ཤོས་ཀྱི་འཛམ་གླིང་རང་བྱུང་ཤུལ་བཞག་བྱ་ཡུལ་དུ་གྱུར། 2021ལོར། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་དང་པོའམ་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དང་། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མངའ་ཁོངས་ཡོངས་དེའི་ཁྲོད་བཅུག་ནས་གཅིག་གྱུར་དོ་དམ་བྱས་པས། ཨ་ཆེན་གངས་རྒྱབ་ཀྱི་སྲུང་སྐྱོབ་ཚད་གཞི་འཛམ་གླིང་རིམ་པར་སླེབས་ནས་དོ་དམ་ཐད་སྔར་ལས་གཅིག་གྱུར་བྱུང་ཡོད།
སྲོད་ཀྱི་མཛེས་པ་ཨ་ཆེན་གངས་རྒྱབ་དུ་འཕྲོས་པ་དང་བསྟུན་ནས་གནས་འདིའི་ཡོད་ཚད་ཁུ་སིམ་མེར་གནས་ཤིང་། མགོ་བོ་ཡར་བཀྱགས་ནས་བལྟས་ཚེ། དགུ་ཚིགས་སྐྱ་མོ་ནི་བར་སྣང་གི་སྐ་རགས་བཞིན་འོད་ཆེམ་ཆེམ་འཕྲོ་བཞིན་མཁའ་ལ་མཆོད་པ་བཤམས་པ་དང་ཀུན་ནས་མཚུངས། ལྷིང་འཇགས་ཀྱི་གནམ་སའི་བར་དུ། གཙོད་ཁྱུ་སྤང་ཐང་དུ་བག་ཕེབས་ངང་ཉལ་ཞིང་འབྲོང་རྒོད་བརྗིད་ཉམས་ཀྱིས་འགྱིང་། འདི་ནི་ཨ་ཆེན་གངས་རྒྱབ་ལ་མཚོན་ན་མ་གཞི་ནས་ཡོད་པའི་ལྷིང་འཇགས་དང་འཆམ་མཐུན་ཡིན་ལ། འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་པའི་མཛེས་སྡུག་གི་མ་དཔེ་གསོན་པོ་ཞིག་ཀྱང་ཡིན།

ཞོགས་པའི་ཉི་གཞོན་མཁའ་ལ་འཕགས་པ་དང་མཉམ་དུ། ཨ་ཆེན་གངས་རྒྱབ་དུ་ཉིན་གསར་པ་ཞིག་གི་དབུ་ཁྱུད་བྲིས། ཚེ་སྲོག་ནི་རབས་རེ་རེར་ཆད་པ་མེད་ལ། ཁྱིམ་གཞིས་ཡང་ཉིན་རེ་རེར་དྲོད་ཀྱིས་ཁེངས། དབྱང་ཡུང་ཆིས་ཀྱིས་པར་བླངས།
བླ་ཤིང་། མི་རབས་རེ་རེའི་གསོན་ཤུགས་ལ་ཉམས་པ་མེད།
སྔ་དྲོའི་ཆུ་ཚོད9སྟེང་། ཀུན་དགའ་ཡིས་སྐོར་ཞིབ་ལྭ་བ་གྱོན་ཅིང་། རྒྱབ་ཏུ་བྲོ་ཁ་དང་པར་ཆས་ཁུར་ཏེ། ཉིན་གཅིག་གི་སྐོར་ཞིབ་ལས་ཀར་ཞུགས། 2016ལོར། རྨ་འབྲི་རྫ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ལམ་སྲོལ་ཚོད་ལྟས་སྤྱོད་མགོ་ཚུགས་པ་དང་། རྣམ་སྲས་གྲོག་རོང་ཆེན་མོ་རྨ་འབྲི་རྫ་གསུམ་མགོ་ཁུངས་རྒྱལ་ཁབ་གླིང་རྫ་ཆུའི་གླིང་ཁུལ་དུ་བཅུག ཀུན་དགའ་ཡང་གླིང་ཁུལ་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པར་གྱུར། ཁོས་ནམ་རྒྱུན་གྱི་ལས་ཀ་ནི་ཁོར་ཡུག་ལ་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་ཐོ་འགོད་བྱེད་པ་སོགས་ཡིན། ཉིན་རེ་བཞིན་སྐོར་ཞིབ་བྱས་པས། ཁོས་གཟུགས་བརྙན་ནི་གྲོག་རོང་ཁྲོད་ཀྱི་ཚད་ཤིང་དུ་གྱུར་ལ། ཁོ་གནས་འདིའི་གྲུ་ག་རེ་རེ་ལ་རང་ཉིད་ཀྱི་ཁྱིམ་ལས་ཀྱང་རྒྱུས་མངའ་ཆེ།

ཉིན་རེ་བཞིན་སྐོར་ཞིབ་བྱས་པས། ཁོས་གཟུགས་བརྙན་ནི་གྲོག་རོང་ཁྲོད་ཀྱི་ཚད་ཤིང་དུ་གྱུར་ལ། ཁོ་གནས་འདིའི་གྲུ་ག་རེ་རེ་ལ་རང་ཉིད་ཀྱི་ཁྱིམ་ལས་ཀྱང་རྒྱུས་མངའ་ཆེ། ཞེ་ཆེན་ཡུས་ཀྱིས་པར་བླངས།
རྣམ་སྲས་གྲོག་རོང་དུ་སྲུང་སྐྱོབ་བྱེད་སྟངས་གསར་པ་ཞིག་ཡོད་པ་ནས་བཟུང་། ཀུན་དགའ་ལ་ཡང་འབྲོག་མི་པར་ལེན་མཁན་གྱི་ཐོབ་ཐང་གསར་པ་ཐོབ། རི་སྐྱེས་སྲོག་ཆགས་ཟིན་ཐོར་འགོད་ཆེད། ཀུན་དགས་པར་ཆས་རྙིང་པ་ཞིག་ཉོས་ནས། རྒྱུན་པར་བརྙན་མིག་བརྒྱུད་དེ་ཐག་ཉེ་ནས་གསའ་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཡིད་དུ་འོང་བའི་རྣམ་འགྱུར་དང་བཟོ་ལྟ་རེ་རེ་པར་དང་བརྙན་དུ་བླངས་ཤིང་། རི་སྐྱེས་སྲོག་ཆགས་དང་བརྩེ་བ་ཟབ་མོ་ཆགས། ཁོས་བཤད་རྒྱུར། སྐྱེ་ཁམས་དོ་དམ་པའི་ལས་ཀ་བསྒྲུབས་རྗེས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་ལ་སྔར་བས་ཤེས་རྟོགས་ཟབ་མོ་བྱུང་བ་མ་ཟད། རང་ཉིད་ཀྱི་ཕྲག་ཏུ་འགན་འཁྲི་ལྕི་མོ་ཞིག་ཡོད་པ་ལའང་ངོས་འཛིན་གཏིང་ཟབ་བྱུང་།
འདི་འདྲའི་འགྱུར་ལྡོག་དེ་ཀུན་དགའ་ཁོ་ན་ཙམ་མ་ཡིན་པར། རྣམ་སྲས་ཡུལ་ཚོ་ཡོངས་སུ་བྱུང་མྱོང་ཡོད། རྫ་ཆུའི་མགོ་ཁུངས་གླིང་ཁུལ་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པས“དུད་ཚང་རེར་ལས་གནས་རེ”ཡི་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་། ཕྱུགས་རྫི་ཕལ་བ་མི་གྲངས8119གླིང་ཁུལ་འདིའི་དོ་དམ་སྲུང་སྐྱོབ་པར་གྱུར་པ་དང་། ཁོ་ཚོའི་དོ་དམ་ཁྱབ་ཁོངས་སུ་རི་ཆུ་ནགས་གསུམ་དང་རི་སྐྱེས་སྲོག་ཆགས། རང་བྱུང་ཐོན་ཁུངས་བཅས་ལ་འདུ་བ་མ་ཟད། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་གཙོ་ཤུགས་དམག་ཏུ་གྱུར་པས། འབྲོག་པ43གྱིས་པར་མིག་བརྒྱུད་ཡུལ་འདིའི་འགྱུར་ལྡོག་རེ་རེ་བརྙན་མིག་གི་ཟིན་ཐོར་བཀོད་དེ་དྲིལ་སྒྲོག་གི་ལས་ལ་འབད་བཞིན་ཡོད།
ལོ་ངོ་བཅུའི་རིང་ལ། ཐུན་མོང་གིས་འབད་བརྩོན་བྱས་པར་བརྟེན་གླིང་ཁུལ་ནང་གི་སྐྱེ་ཁམས་མ་ལག་གི་སྤྱི་ཁོག་གྲུབ་ཆ་སྤྱིའི་ཆ་ནས་ཇེ་ལེགས་སུ་ཕྱིན་པ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་གྲངས་འབོར་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་ཡོད། རྫ་ཆུའི་མགོ་ཁུངས་ཀྱི་རྒྱུན་སྲུང་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། ས་མཚམས་བརྒལ་བའི་ཆུ་བརྟན་ལྷིང་དང་སྤུས་ཚད་རྒྱུན་སྲུང་ཚད་ཐིག་དེ་རིམ་པ་གཉིས་པ་དང་དེའི་ཡན་རྒྱུན་འཁྱོངས་ཐུབ་ཡོད། བརླན་སའི་རྒྱ་ཁྱོན་ཆེ་རུ་ཕྱིན་ཏེ། སྐྱེ་ཁམས་ཀྱི་ཆུ་གསོག་བྱེད་ནུས་མངོན་གསལ་གྱིས་མཐོ་རུ་ཕྱིན། 2025ལོའི་ལོ་མཇུག་བར། རྣམ་སྲས་ཡུལ་ཚོའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱིས་གཟིག་དང་གསའ། གཡི། དགོ་བ་སོགས་སྲོག་ཆགས་རྩ་ཆེན་རིགས་ལ་ལྟ་ཞིབ་ཚད་ལེན་བྱས་ཤིང་། དེ་ལས་གསའ་ཡི་རྒྱུད་སྤེལ་བའི་བརྙན་དེ་འཛམ་གླིང་གི་བརྙན་ཐོག་མ་ཡིན་ལ། གཟིག་མ་བུ་གཉིས་ཀྱིས་གཟན་འཚོལ་བའི་བརྙན་དེ་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་བརྙན་ཐོག་མ་ཡང་ཡིན།

ཀུན་དགས་པར་བླངས་བའི་རི་སྐྱེས་སྲོག་ཆགས།
བླ་ཤིང་། གནས་འདིར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས།
ཆུ་འཁོར་དོ་དམ་སྲུང་སྐྱོབ་ས་ཚིགས་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ཡུལ་ཚོར་གནས་ཤིང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་གྱི་ས་ཁོངས་སུ་གཏོགས། དེ་ནི་རྨ་ཆུའི་འབབ་རྒྱུད་ཀྱི་ཆུའི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པ་མ་ཟད། གངས་རི་དང་ནགས་ཚལ། རྩྭ་ཐང་སོགས་རིན་ཐང་བྲལ་བའི་མཉམ་འདུས་སྐྱེ་ཁམས་མ་ལག་རྩ་ཆེན་ཞིག་ཀྱང་ཡིན། གནས་འདིར་བུད་མེད་དོ་དམ་སྲུང་སྐྱོབ་རུ་ཁག་ཅིག་ཡོད་ལ། ཁོ་ཚོས་ལོ་རེར་ཆ་སྙོམས་མཚོ་འཕགས་སྨི3100ཡོད་སའི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ས་ཁུལ་འདི་བརྟན་སྲུང་བྱས་ཏེ། སྤྱི་ཆིང་ཁྲི1.58ཡོད་པའི་ལྗང་མདོག་གི་ཁྱིམ་གཞིས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།
ཞོགས་པར་རུ་གཙོ་གཡང་མོ་འཚོ་ཡིས་རུ་མི་ཚོར་རང་རང་གི་སྒྲིག་ཆས་ལ་ཞིབ་བཤེར་དང་ཇ་དེམ་བརྗེད་དུ་མ་འཇུག ང་ཚོ་མཉམ་དུ་ལམ་ལ་ཆས་ཞེས་བཤད་ཚར་རྗེས་འཕྲུལ་རྟར་བཞོན་ཞིང་དཔུང་རྡང་བསྒྲིགས་ཏེ་མདོ་ལ་རི་བོའི་ཕྱོགས་སུ་ཆས། ལམ་བར་དུ་སྨི་གཅིག་ཙམ་ཡོད་པའི་ཤུག་སྡོང་ཞིག་གི་འགྲམ་བརྒྱུད་དུས། རུ་གཙོ་གཡང་མོ་འཚོས་འགྲོ་མཚམས་བཞག་ནས་ང་ཚོར་ཤུག་སྡོང་དེའི་སྐོར་གྱི་གཏམ་རྒྱུད་ཅིག་བཤད་བྱུང་། ལོ་བཅུ་གཉིས་ཀྱི་ཡར་སྔོན་ལ། ཆུ་འཁོར་ཡུལ་ཚོར་གཞུང་ལམ་སྐྲུན་སྐབས་ཤུག་སྡོང་དེ་གཅོད་རྩིས་བྱས་པས། མོ་དང་རུ་མི་ཚོས་ཤུག་སྡོང་དེར་སྲུང་སྐྱོབ་བྱ་ཆེད་ཐབས་བཀོད་སྣ་ཚོགས་འཐེན་ནས་བཀག་པས། མཇུག་མཐར་གཞུང་ལམ་ཤུག་སྡོང་བསྐོར་ནས་བསྐྲུན་རྒྱུ་དང་ཤིང་སྡོང་དེ་ལ་ཡང་སྲུང་སྐྱོབ་བྱེད་ཐུབ་སོང་། རྒྱང་རིང་ནས་བལྟས་ན་ཤུག་སྡོང་དེ་ནི་སྙིང་དབྱིབས་དང་འདྲ་ལ། ཁོ་ཚོའི་ལྷག་བསམ་རྣམ་དག་གི་ཐོག་མའི་བསམ་འདུན་དང་ཡང་འདྲ་བས། ཚང་མས་ཤུག་སྡོང་དེ་ལ“བླ་ཤིང”ཞེས་འབོད་བཞིན་ཡོད།

སྙིང་དབྱིབས་དང་འདྲ་བའི་ཤུག་སྡོང་དེ་ལ་ཚང་མས“བླ་ཤིང”ཞེས་འབོད་བཞིན་ཡིན། ཞེ་ཆེན་ཡུས་ཀྱིས་པར་བླངས།
ཁོ་ཚོས་ཉིན་རེ་བཞིན་ནགས་ཚལ་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། ནད་འབུའི་གནོད་འཚེ་ལ་འགོག་བཅོས། མེ་དགྲའི་གནོད་སྐྱོན་སྔོན་བཤེར། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་མྱུར་སྐྱོབས་སོགས་ཀྱི་ལས་མཐའ་དག་སྒྲུབ་བཞིན་ཡོད་པ་མ་ཟད། ལས་ཀའི་དགོས་དབང་དང་ལམ་གྱི་གནས་ཚུལ་ལྟར། ལམ་མེད་སར་རྟ་ཞོན་པ་དང་ལམ་ཡོད་སར་འཕྲུལ་རྟར་བཞོན་རྒྱུར་བྱང་ཆ་ལྡན་དགོས།“ཐོག་མའི་བསམ་འདུན”གླེང་ཚེ་རུ་མི་ཚོས་གནས་ལུགས་ཆེན་པོ་མི་རྟོགས་མོད། འོན་ཀྱང་མིག་ལམ་གྱི་མཛེས་ལྗོངས་ཡོད་ཚད་ལ་སྲུང་སྐྱོབ་བྱས་པའི་འབྲས་བུ་ཡིན་པ་ར་སྤྲོད་བྱས་ཡོད། “དེ་སྔ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་ཀ་ཞུགས་མ་མྱོང་བས། རི་ཀློང་གི་འགྱུར་ལྡོག་ལ་ཆ་རྒྱུས་ཆེན་པོ་མེད་པ་དང་། རང་ཉིད་དངོས་སུ་ལས་ཀ་འདིའི་ནང་ཞུགས་པ་ནས་བཟུང་། ལྗོན་ཤིང་ལ་ལོ་འདབ་རྒྱས་པ་དང་རི་སྐྱེས་སྲོག་ཆགས་ཇེ་མང་དུ་འགྲོ་བ་མཐོང་སྐབས། ཕ་ཡུལ་གྱི་རི་ཆུར་སྲུང་སྐྱོབ་བྱེད་མཁན་ཞིག་ཡོད་ཚེ་འདི་དག་ཡུན་རིང་ལ་གནས་ཐུབ་པའི་གནས་ལུགས་གསལ་བོར་རྟོགས་ཡོང་།
ཚེ་རིང་སྐྱིད་ནི་རུ་མིའི་ཁྲོད་ནས་རྩེད་དགོད་ཅན་ཞིག་ཡིན་པས། མོས་ཁ་མཚར་ཀུ་རེ་ཡིས་སྐོར་ཞིབ་ལམ་ཧྲིལ་བོ་དགོད་སྒྲས་ཁེངས་སུ་བཅུག་ཡོད། ང་ཚོའི་རུ་མིའི་བར་གྱི་འབྲེལ་བ་ནི་ལྕམ་སྲིང་དང་མཚུངས་པས། གལ་ཏེ་སུ་ཞིག་ལ་རོགས་རམ་བྱེད་དགོས་ཚེ་ང་ཚོ་ཚང་མས་མཉམ་དུ་རོགས་རམ་བྱེད་བཞིན་ཡོད། ཕན་ཚུན་ལ་རོགས་རམ་བྱེད་པའི་བརྩེ་སེམས་དྲོན་མོ་དེ་ཡོད་པས་སྐོར་ཞིབ་ལམ་ཐག་ཅི་འདྲའི་རིང་ཡང་ཁོད་ཡངས་བདེ་མོ་ཞིག་ཏུ་བཏང་ཡོད། རུ་ཁག་དེ་དང་ཐོག་གི་མི32ནས་ད་ལྟའི་མི96བར་མང་དུ་ཕྱིན་པ་དང་། རུ་མི་ཚང་མའི་ཆ་སྙོམས་ལོ་ཚོད་ནི་ལོ32ཡས་མས་ཡིན། ཁོ་ཚོ་ནི་གཅེས་ཕྲུག་དང་ཆུང་མ་ཡིན་ལ། ཨ་མ་ཡང་ཡིན། འོན་ཀྱང་ཁོ་ཚོའི་ལུས་ལ་སྐོར་ཞིབ་གྱོན་ཆས་གྱོན་ཚེ་ཁོ་ཚོ་ནི་དཔའ་ངར་ཞུམ་པ་མེད་པའི་སྐྱེ་ཁམས་སྲུང་དམག་ཏུ་གྱུར་ནས། རི་མགོའི་གཡང་གཟར་ངོས་སུ་ཕར་འགྲོ་ཚུར་འོང་བྱས་ཏེ། ས་གཞི་འདིར་སྲུང་སྐྱོབ་བྱེད་བཞིན་ཡོད། 2025ལོར་དོ་དམ་སྲུང་སྐྱོབ་ས་ཚིགས་དེར་རྒྱལ་ཡོངས་ཀྱི་ཐུན་མོང་གསུམ་བརྒྱད་དར་དམར་གྱི་མཚན་སྙན་ཐོབ། མཚན་སྙན་དེས་ཁོ་ཚོ་ས་མཐོར་རྩ་བ་ཚུགས་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་ཁས་ལེན་དང་གདེང་འཇོག་གང་ལེགས་བྱས་པ་མཚོན།

སྐོར་ཞིབ་རུ་མི། གཡོན་ནས་གཡས་བར་རིམ་པ་བཞིན་སྒྲོལ་དཀར་འཚོ་དང་། གཡང་མོ་འཚོ། གཡང་དྲུང་། ཚེ་རིང་སྐྱིད། ཀྲང་ལི་ཕིང་བཅས་ཡིན། ཞེ་ཆེན་ཡུས་ཀྱིས་པར་བླངས།
སྐོར་ཞིབ་མཇུག་གྲིལ་རྗེས། རུ་མི་ཚོས་རི་མཐོ་ས་གཙང་གི་ལྷིང་འཇགས་དང་ཞི་འཇམ་གྱི་མཛེས་སྡུག་མཉམ་རོལ་བྱས། མཚོ་སྔོན་དུ་གཡང་མོ་འཚོ་དང་ཚེ་རིང་སྐྱིད་ལྟ་བུའི་བུད་མེད་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་ད་དུང་མང་པོ་ཞིག་ཡོད། “དཔའ་མོ”དེ་དག་གིས་རྩྭ་ཐང་གོམ་པས་འཇལ་བཞིན་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་མཛེས་སྡུག་ལ་སྲུང་སྐྱོབ་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཐུན་མོང་གིས་རམ་འདེགས་བྱས་པ་དང་། དངོས་ཡོད་ལག་ལེན་ཁྲོད་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གནས་སྟངས་ལ་མཆན་འགྲེལ་གསལ་བོ་བརྒྱབ་ཡོད།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་། ཞེ་ཆེན་ཡུས་ཀྱིས་པར་བླངས།
ཨ་ཆེན་གངས་རྒྱབ་ནས་རྣམ་སྲས་གྲོག་རོང་། དེ་ནས་མདོ་ལ་རི་བོའི་བར་གྱི་མཚོ་སྔོན་གྱི་ས་ཆེན་པོ་འདིར་སྐྱེ་ཁམས་སོ་སྲུང་གི་དྲ་བས་ཡོངས་སུ་སྦྲེལ་ཡོད་ལ། ཁོ་ཚོའི་སོ་སྲུང་བྱ་ཡུལ་ནི་ལྗོན་པ་གཅིག་དང་རྩྭ་ཐང་ལེབ་མོ་ཞིག རི་རྒྱུད་གཅིག་ཁོ་ན་ཙམ་མིན་པར། དེ་ནི་ཀྲུང་ཧྭའི་ཆུ་མཛོད་ཀྱི་ཚེ་སྲོག་གི་དབང་རྩ་ཡིན་ལ། དེ་ནི་མ་འོངས་བར་ཁ་ཕྱོགས་པའི་དཔལ་ཡོན་གྱི་སྐྱེ་ཁམས་སད་རྟོག་ཐེངས་ཤིག་ཀྱང་ཡིན།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་ཐེངས་གསུམ་ལ་རྟོག་ཞིབ་དུ་ཕེབས་ཤིང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཐད་ལ་མཛུབ་སྟོན་གལ་ཆེན་གནང་ནས། “རྨ་འབྲི་རྫ་གསུམ་གྱི‘ཀྲུང་ཧྭའི་ཆུ་མཛོད’ལ་སོ་སྲུང་ལེགས་པོ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ། ཆུ་མགོ་སྲུང་འཁྱོངས་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ། རྒྱལ་ཁབ་སྤྱི་གླིང་བརྗོད་དོན་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་བཅས་ལ་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་སྲིད་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཔེ་སྟོན་གསར་སྐྲུན་བྱ་རྒྱུ་དེ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན”ཞེས་ནན་གྱིས་བསྟན།
“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་དཔེ་རིས་དེ་མདོ་དབུས་མཐོ་སྒང་དུ་རིམ་བཞིན་བཏིངས་པ་བརྒྱུད། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དམ་འཛིན་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཁ་ཕྱོགས་དམིགས་འབེན་དུ་བཟུང་སྟེ། “ཆེས་ཆེ་བ་གསུམ”ལ་རྐང་བཙུགས་ནས། ཞིང་ཆེན་གྱི་གནས་ཚུལ་དང་བསྟུན་ནས“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་གཏན་ཁེལ་དང་། རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་འཕེལ་རྒྱས་ཀྱི་གནས་བབ་ཁྲོད་རང་འགུལ་གྱིས་མཉམ་བསྲེས་བྱས་ནས། སྟོབས་ཤུགས་གཅིག་བསྡུས་ཀྱིས་སྐྱེ་དངོས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་སྒོས་སྐྱེ་དངོས་ལ་སྲུང་སྐྱོབ་བྱེད་པའི་དྲིས་ལན་གསར་པའི་གླེགས་བམ་མུ་མཐུད་དུ་འབྲི་དགོས། མཐོ་སྒང་གི་ས་གཞི་ལེབ་མོ་འདིའི་སྟེང་གི“བླ་ཤིང”དེར། ལམ་ལུགས་གསར་གཏོད་ཀྱི་གཤིན་སའི་ཁྲོད་མུ་མཐུད་དུ་རྩ་བ་རྒྱས་ཤིང་རྩེ་མོ་འབུས་ཡོད། དེ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་རྨང་གཞི་བརྟན་པོ་ཡིན་པ་མ་ཟད། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད། ལྗང་མདོག་གི་ཚོས་གཞི་ལ་ཡིད་དུ་འོང་བའི་ཚོན་རིས་ཤིག་བསྣན་ཡོད།
ཆུ་མགོའི་མི་རྣམས་འཕྲོ་རིམ་འཕྲོར་གནས་འདིར་འགྲེང་བས། ཁོ་ཚོའི་ཞབས་རྗེས་རེ་རེས་ལོ་འཁོར་གྱི་བརྩེགས་རིམ་མནན་ཞིང་། ཁོ་ཚོས་བློ་བརྟན་འགྱུར་མེད་ཀྱིས་རྩ་བའི་མ་ལག་གྲུབ་ཡོད། ང་ཚོས་གོང་གསལ་གྱི་འདི་དག་ལས་སོ་སྲུང་གི་བྱས་རྗེས་དེ་དྲག་ཏུ་རྒྱུག་པའི་ཆུ་བོའི་ཁྲོད་དང་སྐྱེ་དངོས་ཁྲི་ཕྲག་གི་ཉམས་པ་མེད་པའི་ཚེ་སྲོག་གི་འཁོར་སྐྱོད་ཁྲོད་དུ་གསལ་བོར་བྲིས་ཡོད་པ་ད་གཟོད་དངོས་སུ་མཐོང་ཐུབ་བོ།།