ཟླ6པའི་ཚེས2ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་གྱི2025ལོའི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་གནས་ཚུལ་དང་དེ་མིན“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཕན་འབྲས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། མཚོ་ཤར་གྲོང་ཁྱེར་གྱིས་མུ་མཐུད་དུ་རླུང་ཁམས་བཙོག་སྐྱོན་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་ཏུ་བཏང་བས། གྲོང་ཁྱེར་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་བརྟན་པོའི་ངང་ཇེ་ལེགས་སུ་ཕྱིན་པ་དང་། གནམ་སྔོན་སྲུང་བའི་གཡུལ་འཐབ་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ། གཞི་གྲངས་ལས་མངོན་པ་ལྟར་ན། 2021ལོ་ནས་བཟུང་། མཚོ་ཤར་གྲོང་ཁྱེར་གྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་དངོས་པོའི་དམིགས་ཚད་སྣ་དྲུག་ཚང་མ་ཚད་གཞིར་སླེབས་པ་དང་། མང་ཚོགས་ཀྱིས་མཁའ་དབུགས་སྤུས་ཚད་ལ་བློ་ཡིད་ཚིམ་ཚད་དུས་ཡུན་རིང་པོར 93%ཡན་ཆད་དུ་བརྟན་བརླིང་དུ་གནས་ཡོད།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ལ། མཚོ་ཤར་གྲོང་ཁྱེར་གྱིས་འགོ་ཁུངས་ནས་རླུང་ཁམས་བཙོག་སྐྱོན་བཅོས་སྐྱོང་གི་དཀའ་གནད་སེལ། ཐོན་ལས་ཀྱི་གྲུབ་ཚུལ་མུ་མཐུད་ཇེ་ལེགས་སུ་བཏང་ནས་བཟོ་ལས་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་བཏང་བ་དང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར3ཙམ་བཏང་ནས་ཁྲོ་ལྕགས་དང་ཨར་འདམ་སོགས་གཙོ་གནད་ལས་རིགས་ཀྱི་བཙོག་འབུད་ཧ་ཅང་དམའ་བའི་སྒྱུར་བཀོད་ལ་སྐུལ་འདེད་བཏང་བ་མ་ཟད། སྦགས་བཙོག་ཚབས་ཆེ་བའི་གནས་སུ་ཉིན་གང་བོར་དྲ་ཐོག་ནས་ལྟ་སྐུལ་དོ་དམ་བྱེད་པ་མངོན་འགྱུར་བྱས། ནུས་རྒྱུ་གཙང་མའི་ཚབ་བྱེད་ལ་མུ་མཐུད་དུ་སྐུལ་འདེད་བཏང་བ་དང་། རིགས་སོ་སོའི་རྡོ་སོལ་སྒྲིག་བཀོད་བརྒྱ་ཕྲག་ཁ་ཤས་རིམ་གྱིས་དོར་ནས། ལྗང་མདོག་སྐྱེལ་འདྲེན་མ་ལག་མགྱོགས་མྱུར་སྒོས་བཙུགས་ཏེ། ཁྲའེ་སྣུམ་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར1049མེད་པར་བཏང་། དེ་དང་ཆབས་ཅིག བར་སྣང་གི་ལྟ་སྐུལ་ཚོད་འཛིན་བརྒྱུད་ནས་སོག་མ་མེར་བསྲེགས་པར་འགོག་བཅོས་ནན་མོ་བྱས་པ་དང་། བཟའ་བཏུང་གི་སྣུམ་དང་དུ་བ་བཅོས་སྒྲིག་དང་དེ་མིན་ཕྱི་ཡི་བསྲེགས་ཟས་དེ་ཁང་པའི་ནང་ཚད་ལྡན་གཉེར་སྐྱོང་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་ཆུ་ཚད་མངོན་གསལ་སྒོས་མཐོ་རུ་ཕྱིན་ཡོད།
མཚོ་ཤར་གྲོང་ཁྱེར་གྱིས་སྡེ་ཁག་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས། ཁྱབ་ཁོངས་ཡོངས་ཀྱིས་མཉམ་དུ་བཙོག་བཅོས་བྱེད་པའི་རྣམ་པ་གསར་པ་བཏོད། མིག་སྔར། རྒྱུན་རྣམ་ཅན་གྱི་མཉམ་འགུལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། གནམ་གཤིས་དང་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་མཉམ་འབྲེལ་གྱི་སྔོན་ཚུད་ཉེན་བརྡ་མངོན་འགྱུར་བྱས་ཏེ་འཕྲལ་བསྟུན་ནུས་པ་ཆེ་རུ་ཕྱིན་ཡོད། བཟོ་ལས་ཆ་འཕྲིན་དང་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ཁེ་ལས་ལ་གནད་འཁེལ་རོགས་སྐྱོར་བྱས་ནས། མཇུག་རླངས་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་བཙོག་འབུད་ཉུང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བ་མངོན་འགྱུར་བྱུང་། སྤྱི་བདེ་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་མཉམ་དུ་འཕྲུལ་སྒུལ་འཁོར་རིགས་ཀྱི་སྦགས་བཙོག་དོ་དམ་ཚོད་འཛིན་བྱས་པ་དང་། རླངས་འཁོར་རིགས་རྙིང་པ་མེད་པར་བཟོས་པ་དང་མཇུག་རླངས་ཚད་ལས་བརྒལ་བར་ཞིབ་བཤེར་ནན་མོ་བྱས་ནས། གནམ་སྔོན་བཅོས་སྐྱོང་གི་ཕན་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ཡོད།