“བྱང་གསུམ”བཟོ་སྐྲུན་ནི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་ཞིག་ཡིན། ལོ་གསུམ་གྱི་སྔོན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བྱང་གསུམ”བཟོ་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་སྤྱིའི་སྐུལ་སློང་བཀའ་རྒྱ་བཏང་སྟེ། “བྱང་གསུམ”བཟོ་སྐྲུན་འཛུགས་སྐྲུན་དེ་ནུས་པ་ཆ་ཚང་ཞིང་སྲ་བརྟན་ཡིན་པའི་མཐའ་མཚམས་ཀྱི་ལྗང་མདོག་ལྕགས་རི་དང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་གསུངས།
ལོ་གསུམ་གྱི་རིང་། སྡེ་ཁག་སོ་སོ་དང་བྱང་གསུམ་ས་ཁུལ་གྱིས་རི་ཆུ་ནགས་ཞིང་དང་མཚེའུ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་ལྡན་པའི་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། བྱེ་འགོག་བྱེ་བཅོས་བྱ་རྒྱུ་དེ་ཁ་ཕྱོགས་གཙོ་བོར་བཟུང་སྟེ། བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་མགྱོགས་མྱུར་གྱིས་སྲ་བརྟན་དུ་བཏང་། མིག་སྔར“བྱང་གསུམ”བཟོ་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ལས་གཞི་ཁུལ་གྱི་བྱེ་འགྱུར་ཚད་གཞི་མུ་མཐུད་ཇེ་ཆུང་དུ་ཕྱིན་པ་དང་། སྔོ་ཁེབས་ཁྱབ་ཚད་བརྟན་ཐོག་ཡར་འཕེལ་བྱུང་སྟེ་སྐྱེ་ཁམས་ཀྱི་བྱེད་ནུས་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན།
མིག་སྔར། ནང་སོག་ཞི་ལིན་ཀུའོ་ལེ་མེང་ཀྲེང་ལན་ཆི་སྐོར་སྐྱོད་བྱེ་ས་བཅོས་སྐྱོང་དེ་གནད་འགག་གི་དུས་རིམ་དུ་སླེབས། བཟོ་སྐྲུན་གྱི་ལྟེ་བའི་ཁུལ་ཁོངས་སུ་ས་གནས་དེའི“འཁོར་སྐར་དང་གནམ་གྲུ། ས་ངོས་ས་ཚིགས”གཞི་གཅིག་ཅན་གྱི་ལག་རྩལ་སྤྱད་དེ། གནད་ལ་འཁེལ་བའི་སྒོ་ནས་བྱེ་ཐང་གི་གཞི་གྲངས་རིས་འབྲི་བྱས་པར་མ་ཟད། བྱང་སྐར་ཕྱོགས་སྟོན་མ་ལག་སྒྲིག་སྦྱོར་བྱས་པ་ལ་བརྟེན་ནས་འདེབས་འཛུགས་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། ད་ལོའི་ལོ་མཇུག་སྔོན་དུ་རྒྱལ་ཁོངས་ཀྱི་མུའུ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དགུ་སྟོང་ལྔ་ཟིན་པའི་བྱེ་ཐང་ཚང་མ་ཚོད་འཛིན་བྱེད་པར་བརྩོན་ལེན་བྱས།
ལོ་གསུམ་གྱི་རིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་ས་ཡ་བཞི་དང་འབུམ་བཞི་ཁྲི་བརྒྱད་སྟོང་དྲུག་ཟིན་པའི“བྱང་གསུམ”བཟོ་སྐྲུན་ཁུལ་དུ། ལོ་རེར་སྤྱི་ལེ་གྲུ་བཞི་ཉིས་སྟོང་ལྷག་གི་མྱུར་ཚད་ཀྱིས་སྔོ་ལྗང་ཇེ་ཆེར་འགྲོ་བཞིན་ཡོད། ད་ལྟ་བཟོ་སྐྲུན་ཁུལ་གྱི་ནགས་རྩྭ་ཁྱབ་ཚད40.76%ཟིན་པ་དང་། བྱེ་འགྱུར་ཅན་གྱི་ས་ཆ་བཅོས་སྐྱོང་ཐུབ་ཚད67.82%ཟིན་ནས་སོ་སོར་བརྒྱ་ཆའི་གྲངས་གནས1.13དང12.78ཀྱིས་ཇེ་མཐོར་ཕྱིན་ཡོད།
རང་རྒྱལ་ནི་འཛམ་གླིང་སྟེང་ཐང་རྒོད་ཅན་དུ་འགྱུར་ཚད་ཆེས་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ཞིང་། ཐང་རྒོད་ཅན་དུ་གྱུར་བའི་ས་གཙོ་བོ་ནི་བྱང་གསུམ་ས་ཁུལ་དུ་ཁྱབ་ཡོད་དེ། བྱང་ཤར་དང་། ཧྭ་བྱང་། ནུབ་བྱང་བཅས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་རང་རྒྱལ་གྱི་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ།“བྱང་གསུམ”བཟོ་སྐྲུན་ཁུལ་དུ་རྟོག་ཞིབ་ཐེངས་མང་གནང་མྱོང་། ཁོང་གིས་ཐང་རྒོད་ཅན་གྱི་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་སྟེ། “བྱང་གསུམ”སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དེ་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་འབྲེལ་བ་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་རྒྱུན་མཐུད་འཕེལ་རྒྱས་དང་ཡང་འབྲེལ་བ་ཡོད་པས། བྱས་རྗེས་དེང་སྐབས་བཞག་ཀྱང་ཕན་འབྲས་བསྐལ་བརྒྱར་གནས་པའི་བྱ་གཞག་བླ་ན་མེད་པ་ཅིག་ཡིན་པ་ནན་གྱིས་བསྟན།
2023ལོའི་ཟླ6པར། ཐང་རྒོད་ཅན་གྱི་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་དང“བྱང་གསུམ”སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་གནད་དག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཡུན་རིང་འཕེལ་རྒྱས་གཏོང་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་མཐོ་ཚད་ནས “བྱང་གསུམ”བཟོ་སྐྲུན་འཛུགས་སྐྲུན་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དུ་མཐོར་འདེགས་བཏང་སྟེ། ལོ་བཅུ་ཡས་མས་ཀྱི་དུས་ཚོད་སྤྱད་དེ“བྱང་གསུམ”བཟོ་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ཅིག་རྒྱག་རྒྱུ་བརྩོན་ལེན་བྱེད་དགོས་ཞེས་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཡིས་རི་ཆུ་ནགས་ཞིང་དང་མཚེའུ་བྱེ་མ་གསུམ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་ནན་མོ་གཏོང་དགོས་པ་དང་། མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་ཆེན་པོ་གསུམ་ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་སྟེ། ཐང་རྒོད་ཀྱི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་འཇགས་རང་བཞིན་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས་པའི་བླང་བྱ་བཏོན།
ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན་སློབ་དཔྱོད་པུའུ་ཡི་དགེ་རྒན་ཆེན་མོ་ཀུའོ་ཀྲའོ་ཧུའེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱང་གསུམ་ས་ཁུལ་གྱི་སྐྱེ་ཁམས་ཧ་ཅང་ཉམས་ཞན་ཡིན་པ་དང་བྱེ་འགོག་བྱེ་བཅོས་བྱ་རྒྱུ་ནི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་པ་བསྟན་ཡོད་པས། “བྱང་གསུམ”བཟོ་སྐྲུན་གྱི་འགག་སྒྲོལ་དམག་འཐབ་བཀོད་སྒྲིག་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་མཇུག་བར་གསུམ་དུ་རྒྱུན་འཁྱོངས་གནང་ནས་ནན་གྱིས་བསྟན་དོན། རྒྱུན་འཁྱོངས་ལྷོད་མེད་དང་ཕུགས་ལ་ཕན་པའི་བཅོས་སྐྱོང་འདུ་ཤེས་དང་སྐྱེ་ཁམས་བཅོས་སྐྱོང་གི་རྩ་བའི་ཁྲིད་ཕྱོགས་བཙུགས་ཏེ། དུས་རབས་གསར་པའི་བྱེ་འགོག་བྱེ་བཅོས་བྱ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པར་མ་ཟད་རྩ་བའི་གཞི་འཛིན་ས་ཡང་མཁོ་འདོན་བྱས་ཡོད།
“བྱང་གསུམ”བཟོ་སྐྲུན་དེ་རང་རྒྱལ་གྱི་སྐམ་སའི་རྒྱ་ཁྱོན་གྱི་ཕྱེད་ཀར་ཁྱབ་ཡོད། “ཇི་ལྟར་སྒྲུབ་དགོས་པ”དང་། “གང་ནས་སྒྲུབ་དགོས་པ ”“ཅི་ཞིག་སྒྲུབ་དགོས་པ”བཅས་ལ་དམིགས་ཏེ། རྒྱལ་ཁབ་ཀྱིས“བྱང་གསུམ”བཟོ་སྐྲུན་གྱི་སྤྱིའི་འཆར་འགོད་བཟོས་ནས་སྡེ་ཁག་གི་མཐུན་སྦྱོར་དང་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན། ལོ་གསུམ་རིང་། ཀྲུང་དབྱང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཐེར་ཆེན་བརྒྱད་དང་ཐེར་འབུམ་བརྒྱད་དུང་ཕྱུར་དགུ་བཏང་སྟེ། གཙོ་གནད་རྣམ་གྲངས544ལག་བསྟར་བྱས། རྨ་ཆུའི“ཁུག་སོའི”འགག་སྒྲོལ་ལས་དོན་དང་། ཁི་ཨར་ཆིན་དང་ཧོང་ཧྲན་ཏ་ཁི་བྱེ་ཐང་ཆེན་པོ་གཉིས་ཀྱི་ཚར་གཅོད་དམག་འཐབ་དང་། རྨ་ནུབ་དོག་ལམ་ནས་ཐ་ཁེ་ལ་མ་བྱེ་ཐང་གི་མཐའ་འགོག་འཐབ་འཛིང་བཅས་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་ཆེན་པོ་གསུམ་ཕྱོགས་ཡོངས་ནས་སྤེལ།
ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་ཅང་ཧྲུའུ་ལིན་གྱིས་བཤད་རྒྱུར། འདི་ནི་རྨ་ཆུའི“ཁུག་སོའི”འགག་སྒྲོལ་དམག་འཐབ་ཀྱི་མདུན་ཕྱོགས་ཡིན་ཏེ། ཅིན་ཧྲའན་གྲོག་རོང་ཆེན་མོ་རེད། ངའི་འགྲམ་ནི་ལང་ལོང་དུ་འབབ་པའི་རྨ་ཆུ་རེད། ཡིན་ཡང་དེ་རིང་གི་ང་ཚོའི་སྡོང་འཛུགས་ནགས་སྐྲུན་བྱ་ཡུལ་ནི་རྨ་ཆུ་དང་བར་ཐག་སྤྱི་ལེ་གཅིག་ཡོད་མེད་ཀྱི་མཚམས་རེད་ཟེར།
ཧྲན་ཞིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་དབྱི་ཁྲོན་རྫོང་གཡང་གཟར་ནགས་སྐྲུན་རུ་ཁག་གི་རུ་གཙོ་ཝང་ཡུང་ཧུང་གིས་བཤད་རྒྱུར། བར་སྟོང་འདི་ནི་སྔོན་ཆད་དཀའ་ཁག་ཆེ་བའི་གནས་ཤིག་རེད། ད་ལྟ་ང་ཚོར“མི་མེད་གནམ་གྲུ”ཡོད་པ་ནས་བཟུང་། བར་སྟོང་འདི་ཡོངས་སུ་སེལ་ནས་ཚང་མ་གསབ་འདེབས་བྱས་ཚར་ཡོད་ཟེར།
ནགས་བཟོ་རྩྭ་འདེབས་ཀྱི་བྱ་བ་རྒྱུན་ཆད་མེད་པར་ལྗང་ཁེབས་མེད་སར་རྒྱ་སྐྱེད་པའི་ཆབས་ཅིག་ཏུ། ལས་གཞི་སྒྲུབ་གནས་སོ་སོས་ཀྱང་ཁེར་རྐྱང་དུ་བྱ་བ་སྒྲུབ་རྒྱུ་བསྐྱུར་ཏེ། སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་ལས་བརྒལ་ནས་མཉམ་འགོག་མཉམ་བཅོས་སྤྱི་ཡོངས་གཅིག་གི་བྱ་བར་སྐུལ་འདེད་བཏང་། པ་ཏན་ཅི་ལིན་དང་ཐེང་ཀེ་ལི་བྱེ་ཐང་གི་བར་རྒྱུད་དུ་ཆགས་པའི་ཀན་སུའུ་མིན་ཆིང་རྫོང་དུ། ནང་སོག་དང་ཀན་སུའུ་ཡིས་མཉམ་འབྲེལ་བྱས་ནས་མཐའ་སྲུང་ནགས་བཟོ་རྩྭ་འདེབས་ས་ཁུལ་འཛུགས་སྐྲུན་བྱས། ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་ཡོད་པའི་བྱེ་བཅོས་མཚམས་ཆད་ས་ཁུལ་དེ་ལྗང་མདོག་གི་འགོག་སྲུང་འཛིང་རགས་སུ་བཟོས་ནས། པ་ཏན་ཅི་ལིན་དང་ཐེང་ཀེ་ལི་བྱེ་ཐང་ཆེན་པོ་གཉིས་མཉམ་འདྲེས་འགྲོ་བར་བཀག་འགོག་ནུས་ལྡན་བྱས།
ཀན་སུའུ་ཞིང་ཆེན་ཝུའུ་ཝའེ་གྲོང་ཁྱེར་མིན་ཆིང་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅང་ལི་ལིང་གིས་བཤད་རྒྱུར། སྔོན་ཆད་ཞིང་ཆེན་བར་གྱི་འབྲེལ་མཚམས་ས་ཁུལ་གྱི་བྱེ་རྡུལ་བཅོས་སྐྱོང་བྱེད་དཀའ་ཤོས་ཡིན། ད་ལྟ་ང་ཚོས་ཁུལ་ཁོངས་མཉམ་འགོག་མཉམ་བཅོས་དང་། ཆ་འཕྲིན་མཉམ་སྤྱོད། ལས་གཞི་མཉམ་སྐྲུན་བཅས་ལ་སྐུལ་འདེད་བཏང་ནས་བཅོས་སྐྱོང་གི་ཞན་ཆ་རེ་རེ་བཞིན་ཁ་གསབ་བྱས་པ་དང་། སྐྱེ་ཁམས་བཅོས་སྐྱོང་གི་མཚམས་ཆད་ས་དང་མི་མཐོང་ས་མེད་པར་བྱས་ཟེར།
ལས་གཞི་འཛུགས་སྐྲུན་གྱི་དཀའ་གནད་དང་འགག་གནད་ལ་ཁ་གཏད་དེ། ད་ལོར། རྒྱལ་ཡོངས་སུ་ཚན་རྩལ་མཐོ་ས18འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད་པ་དང་། གྲུ་བཞིའི་རྩྭ་ར་འདིང་བཟོ་འཕྲུལ་ཆས་དང་བྱེ་བཅོས་འཕྲུལ་མི་སོགས་སྒྲིག་ཆས་གསར་པ་ཁག་ཅིག་ཀྱང་ཞིབ་འཇུག་གསར་སྤེལ་ལེགས་གྲུབ་བྱུང་ནས་བྱེ་བཅོས་ཀྱི་ལས་གནས་དང་པོར་སྤྱད་དེ། བྱེ་བཅོས་ལས་ཕྱོད་ལྡབ3ཡན་ཇེ་མཐོ་རུ་གྱུར། མིག་སྔར། བྱང་གསུམ་གྱི་རིག་ནུས་བྱེ་བཅོས་དཔེ་དབྱིབས་ཆེན་པོ་ཡང་སྙོམས་སྒྲིག་ཚོད་ལྟའི་དུས་མཚམས་སུ་སླེབས་ཡོད་པས། མི་འགྱངས་པར་བྱེ་འགོག་བྱེ་བཅོས་ཐད་ཀྱི་རིག་ནུས་ཀླད་ཆེན་ཡོད་རྒྱུ་རེད།
ཀྲུང་གོ་ཚན་རིག་གླིང་མཁའ་དབྱིངས་ཆ་འཕྲིན་གསར་གཏོད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལི་ཞའོ་སུང་གིས་བཤད་རྒྱུར། སྔོན་ལ་ས་ཆ་གང་འདྲ་ཞིག་བཅོས་སྐྱོང་བྱ་དགོས་པ་དང་། བྱེ་མ་གང་དག་ནི་བཅོས་ཐུབ་པའི་བྱེ་མ་ཡིན་པ། བྱེ་མ་གང་དག་ནི་བཅོས་དགོས་པའི་བྱེ་མ་ཡིན་པ་བཅས། དེ་དག་ལ་གནད་ཁེལ་དབྱེ་ཞིབ་བྱས་ནས་དེ་ལ་འཚམ་པའི་སྡོང་བོ་དང་ཤིང་ཕྲན་དང་རྩྭ་འདེབས་འཛུགས་བྱེད་པའི་ལག་རྩལ་འོས་སྦྱོར་བྱས་ནས། རིག་ནུས་བཅོས་སྐྱོང་གི་ཇུས་གཞི་ཆ་ཚང་ཞིག་འདོན་དགོས་ཟེར།
ཉིན་འདི་དག རྒྱལ་སྤྱིའི་ལས་ཁུངས་འགས་སྒྲིག་འཛུགས་བྱས་པའི་ཐང་རྒོད་བྱེ་འགྱུར་འགོག་བཅོས་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་ཉིང་ཞ་རུ་འཚོགས། རྒྱལ་ཁབ་དང་ས་ཁུལ་བཅུ་ལྷག་གི་སློབ་མ་ཀྲུང་གོ་རུ་ཉམས་མྱོང་སློབ་སྦྱོང་བྱེད་དུ་ཡོང་།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་སུའོ་ཧེ་ཨར་ཧན་གྱིས་བཤད་རྒྱུར། ཀྲུང་གོས་ཐང་རྒོད་བྱེ་འགྱུར་འགོག་བཅོས་ཐད་གྲུབ་འབྲས་ཆེན་པོ་བླངས་ཡོད། ཀྲུང་གོས་བློ་རྩ་བརྟན་པོ་དང་ཚན་རིག་དང་མཐུན་པའི་ཐབས་ཤེས་ལ་བརྟེན་ནས། ཐང་རྒོད་བྱེ་འགྱུར་གྱི་རྒྱུ་རྐྱེན་རེ་རེར་དམིགས་ནས་བཅོས་སྐྱོང་བྱས། ང་ཚོས་ཀྲུང་གོའི་ཉམས་མྱོང་ལས་ཁེ་ཕན་རག་ཐུབ་སོང་བས་ཡིད་ཚིམ་ཡོད་ཟེར།
བྱང་གསུམ་ལས་གཞིའི་འགག་སྒྲོལ་བྱ་བ་འགོ་ཚུགས་ནས་ལོ་གསུམ་སོང་རིང་། ད་བར་མུའུ་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་བཞི་ཡི་བཅོས་སྐྱོང་ལས་འགན་ལེགས་འགྲུབ་བྱས་ཟིན། ཤར་རྒྱུད་རྩ་བ་ནས་ཐག་གཅོད་བྱེད་དགོས་པའི་ས་ཁུལ་དུ། ལྗང་ཁེབས་རྒྱ་སྐྱེད་པ་དང་བྱེ་ཐང་ཇེ་ཆུང་དུ་འགྱུར་བའི་འཕེལ་རྣམ་མངོན་གསལ་གྱིས་ཇེ་མགྱོགས་སུ་སོང་། དབུས་རྒྱུད་འགག་སྒྲོལ་ས་ཁུལ་དུ། རྨ་ཆུའི་བྱེ་འདམ་འབུད་ཚད་ཆེས་ཆེར་མར་ཆག ནུབ་རྒྱུད་འགོག་རྒོལ་ས་ཁུལ་དུ། བྱེ་ཁུངས་ཁྱབ་འགྱེད་དང་བྱེ་ཐང་རྒྱ་ཆེར་འགྲོ་བར་ཚོད་འཛིན་ནུས་ལྡན་བྱེད་ཐུབ་ཡོད།
ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ལྟར་ན། 2030ལོར་སླེབས་དུས། བྱང་གསུམ་ལས་གཞི་ཁྱབ་ཁུལ་གྱི་ནགས་རྩྭ་ཁྱབ་ཚད་40.9%ལ་སླེབས་དགོས་པ་དང་། བྱེ་འགྱུར་ས་ཆའི་ཕྱོགས་བསྡུས་སྔོ་ཁེབས་ཚད22%ལ་སླེབས་དགོས།
རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཐང་རྒོད་བྱེ་འགྱུར་འགོག་བཅོས་སིའི་སི་ཀྲང་ཧོང་ཚའེ་དབྱི་ཡིས་བཤད་རྒྱུར། ང་ཚོས་མཚོན་རྟགས་རང་བཞིན་གྱི་བྱ་བ་ཆེན་པོ་གསུམ་ལེགས་པར་འགྲུབ་པར་དམིགས་ནས་བཅོས་སྐྱོང་གི་གཙོ་གནད་སྔར་ལས་ཁ་གསལ་བོར་བཟོ་རྒྱུ་ཡིན། ས་ཁུལ་དང་རིགས་སྣ་སོ་སོར་དབྱེ་ནས་ཇུས་འདོན་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བཅོས་སྐྱོང་དང་གནད་ཁེལ་སྐུལ་འདེད་གཏོང་བ། ཐང་རྒོད་བྱེ་ཐང་གི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་པོའི་རང་བཞིན་བརྟན་པོའི་ངང་ཇེ་མཐོ་རུ་བཏང་ནས། 2027ལོར་མཚོན་རྟགས་རང་བཞིན་གྱི་བྱ་བ་ཆེན་པོ་གསུམ་གྱི་ལས་འགན་གཙོ་བོ་གཞི་རྩའི་ཆ་ནས་ལེགས་འགྲུབ་ཡོང་བ་དང་།2030ལོར་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་འཐོབ་པར་ཁག་ཐེག་བྱེད་དགོས།