ཟླ6པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དབར་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་ཡིག་བཞག་ནས། ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཕྱོགས་ཡོངས་དང་རྒྱུན་རྣམ་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་ཏེ། ཀན་སུའུ་དང་མཚོ་སྔོན་ས་མཚམས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་མ་དཔེ་མཉམ་དུ་བསྐྲུན།
ད་ཐེངས་ཀྱི་གན་རྒྱ་འཇོག་པ་ནི་ས་གནས་གཉི་གས་ཀན་སུའུ་དང་མཚོ་སྔོན་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཀོད་སྒྲིག་དོན་འཁྱོལ་དང་སྲིད་འཛིན་ས་ཁོངས་ཀྱི་བཀག་རྒྱ་མེད་པར་བཟོ་བའི་འགག་རྩའི་དོན་འཁྱོལ་བྱེད་ཐབས་ཤིག་ཡིན། བས་མཐའ་འབྲེལ་མཐུད་དང་རིག་གནས་འབྱུང་ཁུངས་གཅིག་པའི་རང་བྱུང་ཁྱད་སྟོབས་ལ་བརྟེན་ནས། ཕྱོགས་གཉི་གས་སྐྱེ་ཁམས་ཐོན་ཁུངས་དང་དམངས་སྲོལ་རིག་གནས། ཁུལ་གནས་འགྲིམ་འགྲུལ་བཅས་ཁྱད་སྟོབས་ཆེན་པོ་གསུམ་ལ་རྐང་ཚུགས་པར་བྱས་ཏེ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་ཁྱབ་སྤེལ། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་མཉམ་ལས་བསམ་ཕྱོགས་གཏན་འཁེལ་བྱས་ནས། དོན་འཁྱོལ་བྱེད་ཐབས་ཆེན་པོ་དྲུག་བརྒྱུད། གོ་རིམ་ལྡན་པའི་སྒོ་ནས་ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་བག་ཤུགས་སྔོན་འདོན་བྱ་རྒྱུ་རེད།
གྲོས་ཡིག་བཞག་པ་ལྟར་ན། ས་གནས་གཉིས་ཀྱི་ལས་དོན་གཙོ་བོ་ནི་འགྲམ་རྒྱུད་ཀྱི་སྤུས་ལེགས་མཛེས་ལྗོངས་ཁུལ་སྦྲེལ་མཐུད་བྱས་ནས། མཚོ་སྔོན་དང་ཀན་སུའུ་ཡི་མི་ཚུལ་རིག་གནས་སྐོར་ལམ་ཆུང་གྲས་ཀྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ་མཉམ་དུ་བསྐྲུན་རྒྱུ་དང་། ས་ཁོངས་ལས་བརྒལ་བའི་ཡུལ་སྐོར་ལམ་དྲ་འཐུས་ཚང་དུ་གཏོང་རྒྱུ། ལྗོངས་ཡོངས་ཀྱི་ཡུལ་སྐོར་འགུལ་སྐྱོད་ལམ་ཐིག་བསྐྲུན་རྒྱུ་རེད། དུས་མཚུངས་སུ། གཅིག་གྱུར་མཉམ་འགུལ་གཉེར་ཚོང་རྐྱེན་སྲོལ་བཙུགས་ནས། དྲིལ་སྒྲོག་ཐོན་ཁུངས་བསྡུ་སྒྲིལ་དང་འགྲུལ་ཁུངས་ཕན་ཚུན་བརྗེ་རེས་བྱས་ཏེ། ཞིང་ཆེན་ལས་བརྒལ་བའི་རིག་གནས་ཡུལ་སྐོར་མཉམ་འབྲེལ་འོས་སྦྱོར་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། ཡུལ་སྐོར་མཚོན་རྟགས་དང་མ་ལག་ཚང་བའི་སྒྲིག་བཀོད། ཡུལ་སྐོར་སྣེ་ཤན་པའི་འགྲེལ་བཤད་ཞབས་ཞུའི་ཚད་གཞི་བཅས་གཅིག་གྱུར་བྱས་ནས། ས་ཁོངས་ལས་བརྒལ་བའི་ཡུལ་སྐོར་ཞབས་ཞུའི་ཞན་ཆ་གསབ་དགོས། གཞན་ཡང་རིག་གནས་ཡུལ་སྐོར་འགྲེམ་ཚོང་སྟེགས་བུ་ཐུན་མོང་ཐོག་བསྐྲུན་པ་དང་། ས་དེའི་འཁྲབ་སྟོན་སྒྱུ་རྩལ་གྱིIPམཉམ་འབྲེལ་ཐོག་གསར་དུ་བསྐྲུན་པ། དུས་སྟོན་ཐོན་ཁུངས་ཕན་ཚུན་འབྲེལ་མཐུད་བྱེད་པའི་ཐབས་ལམ་བསྐྲུན་པ། ལམ་ཐིག་དང་ཚོང་གཉེར། ཞབས་ཞུ། ཐོན་རྫས། འཁྲབ་སྟོན་སྒྱུ་རྩལ། དུས་སྟོན་བཅས་ཟུར་དྲུག་གི་ཐོག་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
མཉམ་ལས་ཁག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་འགན་སྲུང་བྱ་ཆེད། རྨ་ལྷོ་དང་ཀན་ལྷོ་གཉིས་ཀྱིས་ཐུན་མོང་ཐོག་ཆེད་དོན་ལས་དོན་སྐུལ་འདེད་ཆེད་དོན་འཛིན་གྲྭ་བཙུགས་ནས། ལས་གཞི་སྦྲེལ་མཐུད་དང་དོན་འཁྱོལ་ལྟ་སྒྲུབ། དཀའ་གནད་མཐུན་སྦྱོར་བཅས་བྱས་ཏེ། དུས་གཅིག་ཏུ་དུས་བཅད་གྲོས་མོལ་ལམ་ལུགས་བཙུགས་ནས། རྒྱུན་རྣམ་ཅན་གྱི་སྐུལ་འདེད་ཚོགས་འདུའི་ཐོག་ནས་མཉམ་ལས་ཀྱི་ཕན་འབྲས་ལ་བསྐྱར་ཞིབ་དང་འགུལ་རྣམ་གྱི་ཐོག་ནས་མཉམ་ལས་ཇུས་གཞི་སྔར་ལས་ཇེ་ལེགས་སུ་བཏང་སྟེ། བཀག་སྡོམ་དོན་འཁྱོལ་གྱི་དོ་དམ་བྱེད་སྟངས་ཆགས་པར་བྱ་རྒྱུ་རེད།