མཚོ་སྔོན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་མཐོ་རྒྱུགས་འགྲོ་སྐྱོད་ཞབས་ཞུར་འགན་སྲུང་གང་ལེགས་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཟླ6པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གི་རྒྱུགས་སྤྲོད་རོགས་རམ་འགན་སྲུང་གི་གྲ་སྒྲིག་ལས་དོན་ཚང་མ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་ཅིང་།  མཐོ་རྒྱུགས་ཞབས་ཞུའི་བྱེད་ཐབས་ཁག་གྲ་སྒྲིག་གང་ལེགས་བྱས་ཡོད།

ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཞིང་ཆེན་ཡོངས་ཀྱི2026ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཡིག་རྒྱུགས་བདེ་འཇགས་ལས་དོན་གྱི་བརྙན་རིས་ཚོགས་འདུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མཚོ་ནུབ་དང་མཚོ་ལྷོ་སོགས་གཙོ་གནད་ས་ཁུལ་དུ་བསྐྱོད་དེ། མཐོ་རྒྱུགས་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་ཀྱི་ཆེད་དོན་མཉམ་འབྲེལ་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་ནན་མོ་བྱས། ཞིབ་བཤེར་ཚན་ཆུང་གིས་ཡུལ་དངོས་སུ་འགྲོ་ལམ་ཤར་སྐྱོད་དང་སྐྱེལ་འདྲེན་ནུས་ཤུགས་གསོག་འཇོག རླངས་འཁོར་བདེ་འཇགས་དོ་དམ་ཚོད་འཛིན་སོགས་འགག་རྩའི་གོ་རིམ་ལ་རྩད་ཞིབ་བྱས། ཡུལ་དངོས་སུ་ཁོངས་གཏོགས་ས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་སྡེ་ཁག་གིས་ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོ་རྒྱུར་ལྟ་སྐུལ་མཛུབ་སྟོན་བྱས་ཏེ། ཁོངས་གཏོགས་ས་ཁུལ་གྱི་རྒྱུགས་སྤྲོད་སློབ་མའི་ཁྱབ་ཚུལ་དང་རྒྱུགས་སྤྲོད་ས་ཚིགས་གནས་ཚུལ། འགྲོ་ལམ་འགྲིམ་འགྲུལ་གྱི་གནས་ཚུལ་དངོས་བཅས་ལ་གཞི་བཅོལ་ནས། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེལ་འདྲེན་འགན་སྲུང་གི་ལག་བསྟར་ཇུས་གཞི་བཟོས་པ་དང་། མཁར་གྲོང་གི་འགྲུལ་སྐྱེལ་དང་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར། སྐོར་སྐྱོད་གླ་གཏོང་རླངས་འཁོར་བཅས་ཀྱི་སྐྱེལ་འདྲེན་ནུས་པར་གཅིག་འདོམས་བཀོད་སྒྲིག་བྱས་ནས་ཇེ་ལེགས་སུ་བཏང་བ་དང་། རྒྱུན་རྣམ་ཅན་གྱིས“བརྩེ་སེམས་བཅངས་ནས་རྒྱུགས་རར་སྐྱེལ་བའི”དམངས་ཕན་ཞབས་ཞུའི་བྱེད་སྒོ་དུ་མ་སྤེལ་ཏེ། མཐོ་རྒྱུགས་འགྲོ་སྐྱོད་འགྲིམ་འགྲུལ་འགན་སྲུང་བྱ་བའི་རྨང་གཞི་ཇེ་བརྟན་དུ་བཏང་།

གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཁོངས་གཏོགས་ས་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར་གཉེར་སྐྱོང་ཁེ་ལས་དང་མཉམ་འགུལ་མཉམ་སྒྲུབ་བྱས་ནས། ལས་ཞུགས་མི་སྣ་དང་ཏང་ཡོན་རྐང་འཛིན་པར་སྐུལ་སློང་རྒྱ་ཁྱབ་བྱས་ཏེ། བརྩེ་སེམས་རྒྱུགས་སྤྲོད་ཀྱི་དང་བླངས་ཞབས་ཞུའི་རུ་ཁག་གྲུབ་པར་བྱས། དང་བླངས་ཞབས་ཞུའི་རུ་ཁག་གིས་རྒྱུགས་ལེན་ས་ཚིགས་སོ་སོའི་མཐའ་འཁོར་དུ་གནས་གཏན་བཅའ་སྡོད་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཕྱིར་སྐྱོད་ལམ་ཐིག་གི་བློ་འདྲི་མཛུབ་སྟོན་དང་། དངོས་པོ་བོར་བརླག་སོང་བའི་ཐོ་འགོད་བསྡུ་ལེན། ཐོལ་བྱུང་དཀའ་ངལ་ལ་རོགས་སྐྱོར་སོགས་དམངས་ཕན་ཞབས་ཞུ་འདོན་སྤྲོད་བྱས། འཕྲལ་བསྟུན་གླ་གཏོང་རླངས་འཁོར་གྱི་གྲབས་གསོག་སྐྱེལ་འདྲེན་ནུས་ཤུགས་འདང་ངེས་ཉར་ནས། འཕྲལ་བསྟུན་སྐྱེལ་འདྲེན་ནུས་ཤུགས་བཀོད་གཏོང་ལམ་སྲོལ་བཙུགས་ཏེ། རྒྱུགས་སྤྲོད་སློབ་མས་ལག་ཁྱེར་འཛིན་ཡིག་འཁྱེར་རྒྱུ་བརྗེད་པ་དང་གློ་བུར་དུ་རྨས་སྐྱོན་ཕོག་པ། རླངས་འཁོར་ལ་ཆག་སྐྱོན་ཤོར་བ་སོགས་ཛ་དྲག་གི་གནས་ཚུལ་ལ་དམིགས་ཏེ། དུས་དང་རྣམ་པ་ཀུན་ཏུ་བཀའ་སྒུག་ནས་མགྱོགས་མྱུར་ངང་རོགས་འདེགས་བྱ་རྒྱུར་དོ་སྣང་བྱེད་ཀྱིན་ཡོད། ལས་རིགས་ཡོངས་ཀྱིས་འགྲུལ་སྐྱེལ་རླངས་འཁོར་གཉེར་སྐྱོང་དོ་དམ་དང་ཁ་ལོ་བའི་བདེ་འཇགས་སློབ་གསོ། དེ་བཞིན་རླངས་འཁོར་གྱི་སྔོན་བཀོད་བདེ་འཇགས་ཞིབ་བཤེར་ཚད་ལེན་བཅས་ཚད་ལྡན་ནན་མོ་གཏོང་བ་དང་། རྒྱུགས་ལེན་ས་ཚིགས་ཉེ་འཁོར་གྱི་ལམ་དྲའི་བཀག་རྒྱ་མེད་པར་བཟོ་རྒྱུར་དོ་སྣང་ཆེན་པོ་བྱས་ཏེ། མཐོ་རྒྱུགས་སྐབས་སུ། བགྲོད་ལམ་སྟེང་གི་འགྲུལ་སྐྱེལ་གཉེར་སྐྱོང་ཚད་ལྡན་གོ་རིམ་ལྡན་པ་དང་སྐྱེལ་འདྲེན་ཞབས་ཞུ་བདེ་འཇགས་བརྟན་པོ་ཡོང་བར་ཕྱོགས་ཡོངས་ནས་འགན་སྲུང་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།