ཟླ6པའི་ཚེས4ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད། ང་ནི་དང་བླངས་པ་ཡིན་ཞེས་པའི་ཞིང་ཆེན་རིམ་པའི་དཔེ་སྟོན་བྱེད་སྒོ་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་སྤེལ། ཉིན་དེར། གྲོང་ཁྱེར(ཁུལ)དང་རྫོང(ཆུས)གི་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱིས་དུས་མཉམ་དུ་མཉམ་འགུལ་བྱས་ནས། ཡུལ་བབ་དང་བསྟུན་ནས་རྣམ་པ་སྣ་ཚོགས་ཀྱི་སྐྱེ་ཁམས་བརྗོད་དོན་ལག་ལེན་བྱེད་སྒོ་སྤེལ་ཞིང་། ཞིང་ཆེན་ཡོངས་ཀྱི་ན་གཞོན4000ལྷག་འགྲམ་རྒྱུད་དང་། སྡེ་བ་དང་གྲོང་རྡལ་གྱི་གད་སྙིགས་གཅིག་བསྡུས་གཙང་སེལ་སོགས་ཀྱི་བྱེད་སྒོའི་ནང་ཞུགས།
བྱེད་སྒོ་དེ《ང་ཚོ་ནི་རྨ་ཆུའི་བུ་ཕྲུག་ཡིན》ཞེས་པའི་གླུ་དབྱངས་ཁྲོད་སྒོ་མོ་ཕྱེས། བརྙན་འཕྲིན་ཟློས་གར《བླ་ཤིང》གི་མ་དཔེ་མི་སྣ་དང་། རྨ་ཆུའི་འགོ་ཁུངས་ཀྱི་ན་གཞོན་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་སོགས་ན་གཞོན་ཚབ་བྱེད་མི་སྣ4ཡིས། རང་ཉིད་ཀྱི་བྱ་བའི་ཉམས་མྱོང་དང་འབྲེལ་ནས། མཐོ་སྒང་དུ་རྐང་ཚུགས་པ་དང་། སྔོ་ལྗང་གི་རི་ཆུ་སྲུང་སྐྱོབ་བྱས་པའི་གཏམ་རྒྱུད་མཉམ་སྤྱོད་བྱས། ན་གཞོན་དང་བླངས་པས་གྱེར་འདོན་གྱི་རྣམ་པས་ཁོར་སྲུང་ཤེས་བྱ་བསྒྲགས་ཤིང་། ལྗང་མདོག་འདུ་ཤེས་ཁྱབ་སྤེལ་བྱས། བྱེད་སྒོའི་ཡུལ་དངོས་སུ“བྱིས་བློས་སྐྱེ་ཁམས་འབྲི”ཞེས་པའི་བརྗོད་དོན་རི་མོ་འགྲེམ་སྟོན་སྤེལ་ཞིང་། བྱིས་པའི་མཐོང་ཟུར་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རང་བྱུང་མཛེས་ལྗོངས་མངོན་ཞིང་། ཆུ་བོར་དགའ་ཞིང་འགོ་ཁུངས་སྲུང་བའི་བརྩེ་བ་ལྷད་མེད་ལྷུག་པོར་བརྗོད། བྱེད་སྒོ་ལས་ད་དུང་སྐྱེ་ཁམས་ཁོར་ཡུག་དང་བླངས་ཞབས་ཞུ་རུ་ཁག་ལ་དར་ཆ་བསྩལ་ཞིང་། 《“རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད། ང་ནི་དང་བླངས་པ་ཡིན”ཞེས་པའི་འགུལ་སྐྱོད་གྲོས་འདོན་ཡི་གེ》གནང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པ་རྩ་འཛུགས་དང་། གུང་གཞོན་ཚོགས་པའི་ན་གཞོན། ན་ཆུང་གདོང་ལེན་རུ་མི་ལ། ལང་ཚོའི་ལྷག་བསམ་གྱིས་ཆུ་འགོའི་སྐྱེ་དངོས་ལ་སྲུང་སྐྱོབ་བྱས་ནས། རྒྱལ་ཁབ་སྤྱི་གླིང་གཙོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་མཉམ་དུ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་།
རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རིམ་པ་སོ་སོའི་སྐྱེ་ཁམས་དཔལ་ཡོན་དང་བླངས་རུ་ཁག345རྩ་འཛུགས་བྱས་ཏེ། རྫོང45དང་། ཞང་དང་གྲོང་རྡལ200ལྷག་ལ་ཁྱབ་ཡོད་ཅིང་། དང་བླངས་པ4800ལྷག་ནང་འདྲེན་བྱས་ཡོད། གུང་གཞོན་ཚོགས་པའི་སྨྱན་བྱད་གསར་བས་ལྗང་མདོག་འཕེལ་རྒྱས་ཀྱི་ཆེད་དོན་སློབ་ཁྲིད་བཙུགས་ཤིང་། སྐྱེ་ཁམས་ཁོར་སྲུང་སློབ་ཁྲིད་ཆུང་བ་གསར་གཏོད་བྱས་ཏེ། ཡུལ་དངོས་སུ་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་དང་། ཚན་རིག་རྟོག་ཞིབ་ལག་ལེན་ཐེངས100ལྷག་སྤེལ་ནས། རིམ་བཞིན“སྐྱེ་ཁམས་འདུ་ཤེས་ཀྱི་སྣེ་ཁྲིད་དང་། སྐྱེ་ཁམས་དང་བླངས་ཀྱི་ཞབས་ཞུ། སྐྱེ་ཁམས་དཔལ་ཡོན་གྱི་ལག་ལེན”བཅས་ཕྱོགས་གསུམ་གཞི་གཅིག་ཅན་གྱི་མི་སྣ་གསོ་སྐྱོང་གི་མུ་ཕྲེང་གྲུབ་ཡོད།