ཟླ6པའི་ཚེས5ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་སྐབས་དང་པོའི“རྫོང་དཔོན་རྟགས་མ”དང་སྐབས་གཉིས་པའི“ཕུགས་བསམ་རྟགས་མའི”སློབ་རའི་རྐང་གྲུག་འགྲན་སྡུར་དེ་མི་རིགས་ལུས་རྩལ་ར་བར་འགོ་བརྩམས། འགྲན་སྡུར་བྱེད་སྒོ་འདི་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། རྫོང་སློབ་གསོ་ཅུས། རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་བཅས་ཀྱིས་འགན་སྒྲུབ་བྱས་པ་ཡིན་ལ། རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང13དང་། ཡན་ལག་རུ་ཁག43གྱི་སློབ་མ454བཅས་འགྲན་སྡུར་ལ་ཞུགས།
འགོ་རྩོམ་འགྲན་སྡུར་ཁྲོད། པད་མ་རྫོང་བོད་ཡིག་སློབ་འབྲིང་གིས་སྐར་འབྲས་ཆེན་པོས་རྣམ་པར་རྒྱལ་ནས་རྒྱལ་ཁའི་སྒོ་མོ་ཕྱེས། འགྲན་སྡུར་གྱི་རྗེས་སུ་རུ་མི་ཨང་རྟགས15པ་ཟླ་བ་འོད་ཟེར་གྱིས་བཤད་རྒྱུར། དེ་རིང་ང་ཚོར་རྒྱལ་ཁ་ཐོབ་པ་ནི་མི་རེའི་འབད་པར་རག་ལས། རྗེས་ཕྱོགས་ཀྱི་འགྲན་སྡུར་ཁྲོད་ངས་རུ་ཁག་ལ་བྱས་རྗེས་འཇོག་པའི་རེ་བ་ཡོད་ཟེར།
སྐབས་འདིའི་འགྲན་སྡུར་གྱིས“ཕུགས་བསམ་རྟགས་མའི”སློབ་རའི་རྐང་གྲུག་འགྲན་སྡུར་སྐབས་དང་པོའི་འགྲན་སྡུར་བསྒྲུབས་པའི་ཉམས་མྱོང་གཞིར་བཟུང་ཞིང་། འགྲན་སྡུར་ལ་མིང་ཐོ་བཀོད་པའི་གནས་ཚུལ་ལྟར་འགྲན་ཞུགས་ཚན་སྐོར་བཞི་རུ་དགར་ལ། ལོ་ཚོད་ཀྱི་ལོ་གྲངས་ལྟར་འགྲན་ཞུགས་ལོ་ཚོད་དང་། U10(ལོ་བཅུ་ཅན)མཉམ་བསྲེས། U11(ལོ་བཅུ་གཅིག་ཅན)ཕོ་མོའི་འགྲན་སྡུར། དམའ་འབྲིང་སློབ་མའི་ཕོ་མོ་སོགས་ཚན་སྐོར་མང་པོ་དགར་ནས། སོ་སོར་མི་ལྔ་འགྲན་དང་། བརྒྱད་འགྲན། བཅུ་གཅིག་ཅན་གྱི་འགྲན་ལུགས་དགར་ཏེ། འགྲན་སྡུར་དེ་མི་རིགས་ལུས་རྩལ་ར་བ་སོགས་འགྲན་ར་བཞི་ནས་སྤེལ། འགྲན་སྡུར་གྱིས་ད་དུང་དམིགས་བསལ་གཏན་འཁེལ་བྱས་པ་ནི། U10(ལོ་བཅུ་ཅན)མཉམ་བསྲེས་འགྲན་སྡུར་བྱེད་དུས་ངེས་པར་དུ་བུད་མེད་རུ་མི་གཉིས་ཞུགས་དགོས་ལ། དེ་ཡིས་སློབ་རའི་བུད་མེད་རྐང་གྲུག་འཕེལ་རྒྱས་ལ་རོགས་འདེགས་བྱས་པ་རེད།
རོགས་སྒྲུབ་ལས་ཁུངས་མཚོ་སྔོན་ཁི་རུའེ་སི་རྐང་གྲུག་རོལ་རྩལ་ཁང་གི་སྤྱི་གཉེར་པ་སུང་ཚན་གྱིས་གསར་འགོད་པར་བཤད་རྒྱུར། འགྲན་རིམ་བཀོད་སྒྲིག་ལྟར། པད་མ་རྫོང་གི་སློབ་གྲྭ་སོ་སོས་ཟླ5པའི་ཚེས25ཉིན་གྱི་སྔོན་ལ་ཀྲུང་གོའི་རྐང་གྲུག་མཐུན་ཚོགས་ཀྱི་དྲ་ཐོག་སྟེགས་བུ་སྟེ། ——རྐང་གྲུག་ཀྲུང་གོAPPསྟེང་དྲ་ཐོག་ནས་མིང་ཐོ་བཀོད་ཅིང་། རྩ་འཛུགས་ཨུ་ལྷན་གྱིས་ཐོབ་ཐང་ངོས་འཛིན་དང་། སློབ་ཐོའི་ཆ་འཕྲིན་ལ་བརྟེན་ནས་འགྲན་ཞུགས་ཐོབ་ཐང་གཟབ་བཤེར་བྱས། དུས་མཉམ་དུ་འགྲན་ཞུགས་སློབ་མ་ཡོངས་ལ་ལུས་ཕུང་བརྟག་འབྲས་རེ་བ་ལྟར་ཡར་སྤྲོད་བྱེད་དུ་བཅུག་ལ། གློ་བུར་གནོད་ཐེབས་འགན་བཅོལ་ཉོ་བ་དང་། རང་མོས་འགྲན་ཞུགས་ཉེན་ཁའི་གསལ་བཤད་ཡི་གེར་མིང་རྟགས་འགོད་དུ་བཅུག བརྒྱུད་རིམ་ཡོངས་སུ་འགྲན་སྡུར་བདེ་འཇགས་འགོག་སྲུང་བརྟན་པོ་བསྐྲུན།
པད་མ་རྫོང་སློབ་གསོ་ཅུས་ཀྱི་ལས་སྒྲུབ་མི་སྣ་ལི་ཅིན་ཡོན་གྱིས་བཤད་རྒྱུར། སྐབས་འདིའི་འགྲན་སྡུར་སྤེལ་བ་ནི་པད་མ་རྫོང་གིས་ཞིང་ཆེན་ཡོངས་ཀྱི་ལུས་རྩལ་དང་སློབ་གསོ་མཉམ་འདྲེས་བྱེད་པའི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱེད་པ་དང་། རྫོང་ཁོངས་ཀྱི་ན་གཞོན་འགྲན་སྡུར་མ་ལག་གི་ལག་ལེན་གཙོ་བོ་འཐུས་ཚང་དུ་བཏང་བ་ཡིན། སྐབས་འདིའི་འགྲན་སྡུར་གྱིས་སློབ་རའི་རྩལ་འགྲན་སྟེགས་བུ་བསྐྲུན་པར་མ་ཟད། མཚོ་སྔོན་ཁི་རུའེ་སི་རྐང་གྲུག་རོལ་རྩལ་ཁང་དང་མཉམ་འབྲེལ་བྱས་ནས། རྒྱུན་འཛིན་ན་གཞོན་ཁྱད་འཕགས་ཅན་གདམ་གསེས་དང་། ས་གནས་ཀྱི་རྐང་གྲུག་རྗེས་གྲབས་འཇོན་མི་སྔོག་འདོན་གསོ་སྐྱོང་བྱས་པ་ཡིན་ཟེར།
པད་མ་རྫོང་གིས“རྫོང་དཔོན་རྟགས་མ”འགྲན་སྡུར་འདི་གོ་སྐབས་སུ་བཟུང་ནས། ལྔ་གསོ་མཉམ་སྤེལ་གྱི་སློབ་གསོའི་འདུ་ཤེས་ལག་བསྟར་བྱེད་པ་དང་། རྐང་གྲུག་བྱེད་སྒོར་བརྟེན་ནས་སློབ་མའི་ལུས་སྟོབས་དང་། སྙིང་སྟོབས་སྦྱོང་བརྡར་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་ཆེན་སྟེང་གངས་ལྗོངས་གཞོན་ནུས་རྐང་གྲུག་གི་ཕུགས་འདུན་ཁྱེར་ནས་རྒྱང་རིང་འགྲན་རར་བསྐྱོད་པར་རོགས་འདེགས་བྱས་པ་རེད།