ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ6པའི་ཚེས5ཉིན་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་།  ལས་ཞུགས་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྙན་ཞུར་གསན་པ་དང་། 《ལས་ཞུགས་གཙོར་འཛིན་འཐབ་ཇུས་ལག་བསྟར་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པར”》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ལ། གསར་དར་བཟོ་ལས་ཅན་གྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་སྐུལ་འདེད་བཏང་བ་མ་ཟད། མ་འོངས་པའི་ཐོན་ལས་འཕེལ་རྒྱས་དང་འབྲེལ་ཡོད་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་ཏེ།《དམག་ཁོངས་ལས་བུད་པའི་དམག་མིའི་ལས་ཞུགས་དང་ལས་གཏོད་ལ་སྐུལ་སྤེལ་གཏོང་བའི་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བསྟན་དོན། ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་པས། ལས་ཞུགས་གཙོར་འཛིན་འཐབ་ཇུས་ལག་བསྟར་བྱ་རྒྱུ་ཁྲིད་སྟོན་དུ་བཟུང་སྟེ། ངལ་རྩོལ་པའི་རང་བདག་ལས་ཞུགས་དང་ཁྲོམ་རའི་སྙོམ་སྒྲིག་ལས་ཞུགས། སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་སྤེལ་དང་ལས་གཏོད་ལ་བསྔགས་སྐུལ་བཅས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས་ལ། ལས་ཞུགས་ཀྱི་ཤོང་སྐྱེད་སྤུས་འདེགས་ལ་རྒྱུན་མཐུད་ངང་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་ལས་ཞུགས་འབད་པས་མངོན་འགྱུར་བྱེད་དགོས། ལས་ཞུགས་སྐུལ་སྤེལ་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་ལས་ཞུགས་ཀྱི་འཇོན་མིའི་ཐབས་ལམ་རྒྱ་སྐྱེད་པ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། སྐབས་བསྟུན་ལས་ཞུགས་དང་ལས་ཞུགས་ཀྱི་རྣམ་པ་གསར་པ་བདེ་བླག་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། ངལ་རྩོལ་པའི་ལས་ཞུགས་ཁེ་དབང་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། དེང་རབས་ཅན་གྱི་མི་ཤུགས་ཐོན་ཁུངས་མགྱོགས་མྱུར་སྒོས་གསོ་སྐྱོང་དང་རྒྱ་ཆེ་རུ་བཏང་ནས།  སློབ་གསོའི་མཁོ་སྤྲོད་དང་འཇོན་མིའི་དགོས་མཁོ་སྙོམ་སྒྲིག་བྱེད་ཚད་ཇེ་མཐོར་བཏང་སྟེ། གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་གསོ་སྦྱོང་གཏིང་ཟབ་ཏུ་སྤེལ་དགོས་པ་མ་ཟད་ངལ་རྩོལ་པའི་ཤེས་བྱ་དང་རྩལ་ནུས་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ། རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་དགོས་ལ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་། གསར་དར་ཐོན་ལས་འཕེལ་རྒྱས་རྒྱ་ཆེར་གཏོང་བ། མ་འོངས་པའི་ཐོན་ལས་ཀྱི་སྔ་བལྟས་ཕྱི་བསམ་གྱི་བཀོད་པ་བཅས་ལ་གཅིག་འདོམས་སྐུལ་འདེད་གཏོང་དགོས། རབས་གསར་པའི་རིག་ནུས་བཟོ་སྐྲུན་འཕེལ་རྒྱས་གཏོང་རྒྱུ་ཁ་ཕྱོགས་གཙོ་བོར་བཟུང་སྟེ། ཐོན་ལས་ཀྱི་རྨང་གཞི་བསྐྱར་འདིང་བཟོ་སྐྲུན་དང་། བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་མུ་ཕྲེང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགུལ་སྐྱོད་ཀྱི་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ཇེ་མགྱོགས་སུ་གཏོང་དགོས་ཤིང་། ནུས་ཁུངས་དང་ཐོན་ཁུངས་འགན་སྲུང་བྱེད་ནུས་ཆེ་རུ་བཏང་སྟེ། ཐོན་ལས་མུ་ཕྲེང་གི་མཉེན་ཆ་དང་བདེ་འཇགས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཆུ་ཚད་མཐོ་བའི་སྒོ་འབྱེད་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། ཕྱི་རྒྱལ་གྱི་ཚོང་བའི་དངུལ་གཏོང་ཐོན་ལས་ཀྱི་དཀར་ཆག་ལག་བསྟར་དང་བསྔགས་སྐུལ་བྱས་ཏེ། ཕྱི་རྒྱལ་གྱི་མ་དངུལ་སྔར་ལས་མང་པོ་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་ཐོན་སྐྱེད་རང་བཞིན་ལྡན་པའི་ཞབས་ཞུའི་ལས་རིགས་ལ་འཇོག་པར་ཁྲིད་སྟོན་བྱ་དགོས།

གྲོས་ཚོགས་ལས་བསྟན་དོན། མ་འོངས་པའི་ཐོན་ལས་ཀྱི་ཁྱད་ཆོས་གཞིར་བཟུང་སྟེ། སྔ་བལྟས་ཕྱི་བསམ་གྱི་བཀོད་པ་ལ་སྔར་ལས་ཤུགས་རྒྱག་པ་དང་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས། འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་མོ་བྱེད་དགོས། ལག་རྩལ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས། གསར་གཏོད་རང་བཞིན་དང་གནད་འགག་གི་ལག་རྩལ་འགག་སྒྲོལ་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱེད་དགོས། སྐྱེ་ཁམས་འཛུགས་སྐྲུན་ལ་དོ་སྣང་བྱས་ཏེ། ཐོན་སློབ་ཞིབ་སྤྱོད་བཞི་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། ཐོན་ལས་མུ་ཕྲེང་གི་གོང་འོག་བར་གསུམ་གྱི་མཉམ་ལས་དམ་ཟབ་ལ་བསྔགས་སྐུལ་བྱས་ནས། གཙོ་གནད་འགྲན་ལམ་དུ་གསར་གཏོད་ཁེ་ལས་དང་ཁེ་ལས་འབུར་ཐོན་ཅན་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས། རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། སྲིད་གཞུང་གི་དངུལ་གཏོང་ཐེབས་རྩ་སོགས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། དངུལ་གཏོང་འཕར་སྣོན་དང་ཉེན་ཁ་མཉམ་འཁུར་གྱི་རྐྱེན་སྲོལ་འཛུགས་དགོས། ཚན་རིག་དང་མཐུན་པའི་བཀོད་སྒྲིག་ལ་ཁྲིད་སྟོན་བྱས་ནས། ལྟ་སྐུལ་དོ་དམ་དང་བཅོས་སྐྱོང་འཐུས་ཚང་དུ་བཏང་སྟེ། མ་ཤེས་རྗེས་འབྲངས་དང་རི་བོང་ཅལ་འདྲོགས་སོགས་སྔོན་འགོག་བྱ་དགོས།

གྲོས་ཚོགས་ལས་བསྟན་དོན། ཀུན་ཕན་དང་གཟིགས་སྐྱོང་མང་པོ་རྒྱུན་འཁྱོངས་བྱེད་དགོས་ལ། སྲིད་གཞུང་གིས་སྐུལ་འདེད་དང་ཁྲོམ་རས་ཁྲིད་སྟོན། སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་བཅས་མཉམ་འབྲེལ་གྱི་བྱེད་ཐབས་སྤྱད་དེ། དམག་ཁོངས་ལས་བུད་པའི་དམག་མིས་ལས་ཞུགས་དང་ལས་གཏོད་ལ་བསྔགས་སྐུལ་དང་རོགས་སྐྱོར་བྱ་དགོས། མཛུབ་སྟོན་དང་ཞབས་ཞུར་ཤུགས་བསྣན་ཏེ། སློབ་གསོའི་རོགས་དངུལ་དང་སློབ་བསྡུའི་གདན་ཞུ། རྩལ་ནུས་གསོ་སྦྱོང་སོགས་ཀྱི་ཐད་རྒྱབ་སྐྱོར་བྱས་ནས། དམག་ཁོངས་ལས་བུད་པའི་དམག་མིའི་ལས་ཞུགས་ལས་གཏོད་ལ་སྐུལ་སྤེལ་གཏོང་བའི་སྒྲིལ་ཤུགས་གྲུབ་པར་བྱེད་དགོས། 

གྲོས་ཚོགས་ལས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།