མཚོ་སྔོན་གྱི“བླ་ཤིང”གསར་གཏོད་ཐོན་ལས་ཧྲང་ཧེ་ཉོ་ཚོང་ཚོགས་འདུའི་སྟེང་ཞུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས4ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ནས་རྒྱུས་ལོན་པ་ལྟར་ན། ཟླ6པའི་ཚེས11ཉིན་ནས་ཚེས13ཉིན་བར། ཀྲུང་གོ(ཧྲང་ཧེ)རྒྱལ་སྤྱི་ལག་རྩལ་ཕྱིར་གཏོང་ནང་འདྲེན་ཉོ་ཚོང་ཚོགས་འདུ་སྐབས་བཅུ་གཉིས་པ་དེ། ཧྲང་ཧེ་འཛམ་གླིང་དངོས་མང་འགྲེམ་སྟོན་ཁང་དུ་སྤེལ། མཚོ་སྔོན་ཞིང་ཆེན་གྱིས་ཁྲོམ་ར་ལས་གཉེར་གཙོ་གཞི་རེ་དགུ་རྩ་འཛུགས་བྱས་ནས་ཚོགས་ཁག་བསྒྲིགས་ཏེ་འགྲེམ་སྟོན་དུ་ཞུགས་པ་དང་། རྒྱལ་ཁབ་རིམ་པའི་རྒྱལ་སྤྱི་ཅན་གྱི་འགྲེམ་སྟོན་སྟེགས་བུར་བརྟེན་ནས། གཅིག་བསྡུས་སྒོས་མཐོ་སྒང་སྐྱེ་ཁམས་ཐོན་ཁུངས་དང་ཁྱད་ལྡན་སྤུས་རྟགས་མཚམས་སྦྱོར་བྱས་ཏེ། མཚོ་སྔོན་ཁྱད་འཕགས་ཐོན་རྫས་དེ་འབྲི་ཆུའི་ཟུར་གསུམ་གླིང་གི་ཁྲོམ་རར་བསྐྱོད་པའི་ལམ་བུ་གཏོད་ཅིང་། རང་ས་གནས་ཐོན་ལས་དེ་རྒྱལ་ནང་རྒྱལ་སྤྱི་འཁོར་རྒྱུག་གཉིས་ལ་གཏིང་ཟབ་པོར་འདྲེས་པར་རོགས་འདེགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་འབྱུང་བར་ནུས་པ་བསྩལ།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་འགྲེམ་སྟོན་ཁུལ་དུ་སྨི་གྲུ་བཞི་མ1900ཡོད་ལ། “རབ་མཛེས་མཚོ་སྔོན། སྐྱེ་ཁམས་སྤུས་རྟགས”བརྗོད་དོན་དུ་བྱས་ཤིང་། “བླ་ཤིང”སྲོག་ཤིང་དུ་བྱས་པའི་གསར་གཏོད་གཞིར་བཟུང་ནས་འགྲེམ་སྟོན་བཀོད་སྒྲིག་བྱས་པ་དང་། མཐོ་སྒང་ས་ཁོངས་ཀྱི་མི་ཚུལ་དང་དེང་རབས་འགྲེམ་སྒྲིག་ཚན་རྩལ་གཉིས་མཉམ་འདྲེས་བྱས་ཏེ། མཚོ་སྔོན་གྱི་མཐོ་སྒང་དུ་རྐང་ཚུགས་ཤིང་ཤུགས་བསྡོས་ཡར་རྒྱས་ཀྱི་ཐོན་ལས་འཕེལ་རྒྱས་སྙིང་སྟོབས་དེ་བྱེ་བྲག་གིས་སྟོན་རྒྱུ་རེད།

འགྲེམ་སྟོན་ཁང་གིས་ཧྲང་ཧེ་ཉོ་ཚོང་ཚོགས་འདུའི་ལག་རྩལ་ཉོ་ཚོང་འགྲེམ་སྟོན་གྱི་ངེས་གནས་དམ་སྦྲེལ་བྱས་ཏེ། མཐོ་གསར་ལག་རྩལ་དང་། ཀྲུང་བོད་གསོ་རིག མཐོ་སྒང་ཞིང་ཕྱུགས་ཐོན་རྫས། གཟུགས་འདས་ཤུལ་བཞག་ལག་ཤེས་སྒྱུ་རྩལ། ཁྱད་ལྡན་ཞིམ་ཟས་བཅས་ནུས་པ་ལྔ་ལྡན་གྱི་འགྲེམ་ཁུལ་དགར་ཡོད། དངོས་པོ་སྒྲིག་བཤམས་དང་། པར་རིས་འགྲེམ་པང་། གློག་སྒམ་འོས་སྦྱོར་སོགས་རྣམ་པ་བརྒྱུད་ནས། ལྗང་མདོག་རྩིས་ཤུགས་དང་། དག་གཙང་ནུས་ཁུངས། སྐྱེ་ཁམས་ཚན་གཏོད་ཁྱབ་ཁོངས་ཀྱི་སྔོན་སྐྱོད་ལག་རྩལ། ལས་རིགས་ཚད་གཞི་དང་ལག་བསྟར་འབྲས་བུ་བཅས་གཙོ་གནད་དུ་བཟུང་ནས་འགྲེམ་སྟོན་བྱས། དུས་མཉམ་དུ་སྐམས་ཤའི་ཐོན་རྫས་དང་། གྲོ་མ། འཕང་འབྲས། རིས་གསུམ་ཉ། མཚོ་སྔོན་ཁྱིམ་སྟོན་སོགས་ས་ཁམས་མཚོན་རྟགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་སྟེང་བུད་ཅིང་། གཅིག་བསྡུས་སྒོས་མཚོ་སྔོན་དུ་རྐང་ཚུགས་པའི་སྐྱེ་ཁམས་ཐོན་ཁུངས་ནུས་སྤྲོད་འཕེལ་རྒྱས་ལྗང་མདོག་ཐཱན་ཉུང་ཚན་གཏོད་དང་། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་འཛུགས་སྐྲུན་བྱེད་པའི་དུས་རིམ་རང་བཞིན་གྱི་འབྲས་བུ་སྐུལ་སྤེལ་བྱས་ཏེ། འབྲི་ཆུའི་ཟུར་གསུམ་གླིང་གི་ཚན་རྩལ་གསར་གཏོད་ཁེ་ལས་དང་། དངུལ་གཏོང་དངུལ་བསྲེས་ལས་ཁུངས། ཚོང་དོན་ཚོང་བ་བཅས་ལ་ཁ་ཕྱོགས་ནས་དོན་འཁྱོལ་ཐུབ་པ་དང་། སྤོ་སྒྱུར་ཐུབ་པ། མཉམ་ལས་ཐུབ་པའི་སྤུས་ལེགས་ལག་རྩལ་རྣམ་གྲངས་སྐོར་ཞིག་འོས་སྦྱོར་བྱས།

འགྲེམ་ཚོགས་བར་སྐབས་སུ། མཚོ་སྔོན་བརྗོད་དོན་ཁང་གིས་ཁྱད་ལྡན་བྱེད་སྒོ་རབ་དང་རིམ་པའི་བསྒྲིགས་ནས་སྤེལ་ཞིང་། ལག་རྩལ་གསར་བ་དང་གྲུབ་འབྲས་གསར་བར་གཅིག་བསྡུས་སྒོས་གན་རྒྱ་བཞག་ཅིང་། རིག་རྩལ་འགྲེམ་སྟོན་དང་ལྗོངས་རྣམ་མང་པོ་ཐད་གཏོང་། གཟུགས་འདས་ཤུལ་བཞག་དངོས་རྣམ་འགྲེམ་སྟོན། ལག་བཟོ་ཉམས་ཞིབ། AIཡིས་ཐང་གའི་ཉམས་ཞིབ་ལ་མཉམ་ཞུགས། ཤེས་བྱའི་བདག་དབང་གྲུབ་འབྲས་ཧྲ་ལོང་དུ་བསྒྱུར་བ། མཐོ་སྒང་ཁམས་གསོ་ཐོན་ལས་ཆེད་དོན་བགྲོ་གླེང་ཚོགས་འདུ་སོགས་སྤེལ། སྤྱི་ཡོངས་ཐད་གཏོང་དང་ཁེ་ལས་རང་བདག་ཐད་གཏོང་། འགྲོ་སྐྱོད་རང་བཞིན་གྱི་ཐད་གཏོང་བཅས་བསྣན་ནས། ཡུལ་དངོས་དང་དྲ་ཐོག་གཅིག་གྲུབ་ཅན་གྱི་སྒོ་ནས་མཚོ་སྔོན་གྱི་སྤུས་རྟགས་ཚོང་རྫས་འོས་སྦྱོར་ཁྱབ་བསྒྲགས་བྱས་པ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།