སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དེ་མཐར་གཏུགས་ན་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཀྱི་གནད་དོན་ཞིག་རེད། ལྗང་མདོག་ཐཱན་ཉུང་རེས་འཁོར་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལྗང་མདོག་རྣམ་སྒྱུར་ལ་སྐུལ་སྤེལ་གཏོང་བ་ནི་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་པའི་རྨང་གཞིའི་ཐབས་ཇུས་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ཁྲིད་སྟོན་འོག ལོ་ལྔའི་འཆར་གཞི་བཅོ་ལྔ་པ་འགོ་རྩོམ་པའི་ལོར། རང་རྒྱལ་གྱིས་ཕྱོགས་ཡོངས་ནས་ལྗང་མདོག་རྣམ་སྒྱུར་གྱི་དམིགས་འབེན་གཏན་འཁེལ་བྱས་ཏེ། ཕྱོགས་ཡོངས་ནས་ཤུགས་འདོན་པ་དང་། གཏིང་ཟབ་ཏུ་སྤེལ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་ལྗང་མདོག་གི་མ་གདན་སྔར་བས་མངོན་གསལ་དོད་དུ་ཕྱིན་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་གི་ཀྲུང་གོའི་ལམ་བུ་གསར་བ་གང་མགྱོགས་སྒོས་གཏོད་ཀྱིན་ཡོད།
ལྔ་པའི་ཚེས་ལྔའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། ཀྲེ་ཅང་རུའེ་ཨན་དུ་ཝུན་རུའེ་ཐང་གཙང་པོར་སླར་ཡང་འབྲུག་གྲུའི་རྔ་སྒྲ་གྲགས། ས་གནས་དེའི་འབྲུག་གྲུ་རུ་མིས་སྡེ་བ་རེ་ཚན་ཁག་གཅིག་རེ་བྱས་ཏེ་གྲུ་ཤན་བཏང་ནས་ད་ལོའི་སྲོལ་རྒྱུན་འབྲུག་གྲུའི་རིག་གནས་བྱེད་སྒོ་སྤེལ་འགོ་ཚུགས། སྔོན་ཆད་དྲི་ངན་གྱིས་མཚོ་ལམ་བཅད་པའི་ས་འདིའི“མ་ཡུམ་ཆུ་བོ”འདི། ས་ཁོངས་ཡོངས་ཀྱི་བཙོག་ཆུ་གཙང་སེལ་བྱས་པ་བརྒྱུད་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་། འཆམ་ཞིང་མཛེས་པའི་མི་དང་གཙང་བོ་མཉམ་གནས་ཀྱི་འབྲི་ཆུའི་ལྷོ་རྒྱུད་ཀྱི་མཛེས་ལྗོངས་སླར་ཡང་མངོན་ཡོད།
“སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཀུན་ཕན་གྱི་དམངས་འཚོའི་བདེ་སྐྱིད་ཡིན། ” ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ་དང་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ཡོང་བའི་མཐོ་ཚད་དུ་ལངས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ཁྲོད་བཞག་ནས། ལྗང་མདོག་འཕེལ་རྒྱས་དེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ནང་དོན་གལ་ཆེན་དུ་གཏན་འཁེལ་བྱས། ཁོང་གིས་བསྟན་དོན། ཁོར་ཡུག་ནི་དམངས་འཚོ་དང་། རི་བོ་མཛེས་ལ་ནམ་མཁའ་སྔོན་པོ་ནི་བདེ་སྐྱིད་ཡིན། ཁོང་གིས་ནན་གྱིས་བསྟན་དོན། མི་དམངས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་པོ་བསྐྲུན་དགོས། རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕར་སྣོན་བྱུང་བའི་དུས་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་བསྒྱུར་བ་དང་བསྟུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ལྗང་མདོག་རྣམ་སྒྱུར་ལ་དམིགས་ནས་གསར་གཏོད་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་། ཁོང་གིས་བསྟན་དོན། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཡིན་པའི་འདུ་ཤེས་བརྟན་པོ་ཆགས་དགོས། དངོས་སུ་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གཉིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་སྤྱི་ཡོངས་ཀྱི་བཀོད་སྒྲིག་ནང་བཅུག ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་རྣམ་བསྒྱུར་ཡོང་བར་སྐུལ་འདེད་གཏོང་དགོས།
“རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག”ཞེས་པའི་འདུ་ཤེས་ཀྱི་སྣེ་ཁྲིད་བྱེད་པ་ནས། “ཐཱན་གཉིས”དམིགས་འབེན་གྱི་འཐབ་ཇུས་ཁྲིད་སྟོན་བྱེད་པའི་བར་དང་། དེ་ནས་སླར་ཡང“ཕྱོགས་ཡོངས་ནས་ལྗང་མདོག་རྣམ་སྒྱུར”གྱི་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བར། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ཁྲིད་སྟོན་འོག རང་རྒྱལ་གྱི་ལྗང་མདོག་ཐཱན་ཉུང་རྣམ་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད།
ལོ་བཅུའི་རིང་རང་རྒྱལ་གྱི་ས་ངོས་ཀྱི་ཆུ་གཤིས་ལེགས་པའི་བསྡུར་ཚད་ལོ་གཉིས་ལ་བསྟུད་མར90%ལས་བརྒལ་བ་དང། འབྲི་ཆུ་དང་རྨ་ཆུའི་ཆུ་གཞུང་གི་ཆུ་གཤིས་བརྟན་པོའི་ངང་རིགས་གཉིས་པ་རྒྱུན་འཁྱོངས་ཐུབ་ཡོད། ལོ་བཅུའི་རིང་ནམ་མཁའ་སྔར་ལས་སྔོ་བ་དང་། རྒྱལ་ཡོངས་ཀྱིPM2.5ཡི་ཆ་སྙོམས་གར་ཚད་རིམ་རྩིས་བྱས་ན33.3%ཆག་ནས། 88.1%གི་སྤུས་ལེགས་ཉིན་གྲངས་ཀྱི་བསྡུར་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་ཚུན་གྱི་ཆུ་ཚད་ཆེས་ཡག་ཤོས་སུ་སླེབས། ས་གཞི་སྔར་ལས་སྔོ་ལྗང་དུ་གྱུར་ནས། མིག་སྔར་རང་རྒྱལ་གྱི་ནགས་ཚལ་ཁྱབ་ཚད25%ལས་བརྒལ་ནས་གོ་ལ་ཧྲིལ་པོའི་བཞི་ཆའི་གཅིག་གི་ལྗང་འགྱུར་རྒྱ་ཁྱོན་གསར་པའི་བྱས་རྗེས་བཞག་ཡོད། མཛེས་སྡུག་ལྡན་པའི་ཀྲུང་གོ་ནི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ། མཛེས་སྡུག་ལྡན་པའི་གཙང་པོ་དང་མཚེའུ། མཚོ་ཁུག་བཅས་རེ་རེ་ཡིས་གྲུབ་ཡོད།
སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་ནི་ཐོན་སྐྱེད་བྱེད་སྟངས་ཀྱི་ལྗང་མདོག་རྣམ་སྒྱུར་དང་ཁ་འབྲལ་ཐབས་མེད། རང་རྒྱལ་གྱི་མཚོ་ཐོག་རླུང་གློག་དང་འོད་ཤུགས་རྟེན་གཞི་འཛུགས་སྐྲུན་རྒྱུན་མཐུད་ངང་ཇེ་མགྱོགས་སུ་ཕྱིན་ནས། ད་ལོར་ཉི་འོད་གློག་ནུས་འཕྲུལ་འཁོར་གྱི་གཞི་ཁྱོན་དེ་ཆེས་ཐོག་མར་སོལ་གློག་ལས་བརྒལ་བའི་རེ་བ་ཡོད། དེ་དང་ཆབས་ཅིག བཟོ་ཞིང་ལས་རིགས་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་ངང་ལྗང་མདོག་དུ་བསྒྱུར་ནས། ད་ལོ་ནས་བཟུང་ནུས་ཁུངས་ཟད་གྲོན་དོ་དམ་ཚོད་འཛིན་བྱ་རྒྱུ་དེ་གནད་འཁེལ་གྱི་ཐཱན་འབུད་ཚོད་འཛིན་ཕྱོགས་སུ་འགྱུར་ལྡོག་བྱུང་བ་དང་། རྒྱལ་ཁབ་རིམ་པའི་ཐཱན་མེད་གླིང་ཁུལ52མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་། ལྗང་མདོག་བཟོ་གྲྭ་དང་ལྗང་མདོག་གླིང་ཁུལ་དེ“ཚོད་ལྟའི་ཞིང”ནས“ཡུག་སྦྲེལ་རྣམ་པའི”ཕྱོགས་སུ་བསྐྱོད་ཡོད།
ད་ལྟ་ལྗང་མདོག་གི་འཚོ་བ་སྐྱེལ་སྟངས་དེ་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་མཉམ་འདྲེས་བྱུང་བཞིན་ཡོད། ཞིང་ཆེན་དང་གྲོང་ཁྱེར15ལ་གདོད་མའི་འཚོ་བའི་གད་སྙིགས་མེད་པ་མངོན་འགྱུར་བྱུང་བ་དང་། ཞིང་ཆེན27གྱིས་ཐཱན་ཀུན་ཕན་སྲིད་ཇུས་བཏོན་ཡོད། ལྗང་མདོག་ཕྱིར་སྐྱོད་དང་། གློག་གྲོན་ཆུ་གྲོན། སྡེར་གཙང་བྱ་སྤྱོད། ཐེངས་གཅིག་རང་བཞིན་གྱི་མཁོ་ཆས་སྤྱོད་ཚད་ཇེ་ཉུང་དུ་གཏོང་བ། དངོས་རྙིང་ཕྱིར་བསྡུ་འཁོར་རྒྱུག་བེད་སྤྱོད་བཅས་བྱས་ཏེ། ཉེ་འགྲམ་གྱི་བྱ་བ་ཆུང་ཆུང་ནས་འགོ་བརྩམས་ཏེ་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་བྱ་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ནང“དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། ཕྱོགས་ཡོངས་ནས་ལྗང་མདོག་རྣམ་སྒྱུར་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་རྒྱུའི་ཆེད་དོན་བཀོད་སྒྲིག་གནང་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོར། ཀྲུང་གོས་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱིས་སྣེ་ཁྲིད་དེ། ཐཱན་ཉུང་དང་། བཙོག་འཕྲི། ལྗང་སྐྱེད། འཕར་སྣོན་བཅས་ཡོང་བར་མཉམ་དུ་སྐུལ་འདེད་བཏང་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་ཕན་འབྲས་ཏན་ཏིག་ལ་བརྟེན་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་འབད་པས་འབྲི་དགོས།