མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས4ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ལ། ལག་བསྟར་གྲོས་གཞིར་ཞིབ་འཇུག་དང་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་བྱས་པར་ཉན།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་གྲོས་མོལ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན། ཧྲན་ཞི་ཁྲང་ཀྲི་གྲོང་ཁྱེར་ཆིན་ཡོན་རྫོང་གི་རྡོ་སོལ་གཏེར་ཁའི་ཝ་སི་འབར་གས་བྱུང་བའི་དོན་རྐྱེན། “དབྱི་ཝུའུ་ཡི་འཕེལ་རྒྱས་ཉམས་མྱོང་།”མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཏེ་ནན་གྱིས་བསྟན་དོན། སློབ་སྦྱོང་གི་གྲུབ་འབྲས་དེ་དོན་དངོས་ཐོག་འགན་སྒྲུབ་བྱེད་ཐབས་སུ་བསྒྱུར་ཏེ། སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་དགེ་མཚན་ལ་རྐང་འཛུགས་པ་དང་། བྱ་བའི་དོན་དངོས་དང་འབྲེལ་གཏུག་དམ་ཟབ་བྱེད་པ། ཕྱི་ཕྱོགས་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། མཐོ་རིམ་སློབ་གྲྭའི་རྨང་གཞིའི་རིག་ཚན་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཞབས་ཞུའི་ལས་རིགས་སྤུས་འདེགས་རིམ་སྤོར་ལ་རོགས་སྐུལ་བྱེད་པ་བཅས་ཁྲོད་ཀྱི་འགན་ནུས་བྱེད་ནུས་མངོན་གསལ་དུ་གཏོང་དགོས། བདེ་འཇགས་དོན་རྐྱེན་གྱི་བསླབ་བྱ་བསྡུ་ལེན་གང་ལེགས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་འཇགས་ལ་འགན་སྲུང་བྱེད་པར་དམིགས་ཏེ། སྲིད་གྲོས་ཀྱི་སྡེ་ཁག་སོ་སོར་འབྲེལ་གཏུག་བྱེད་པ་དང་། མང་ཚོགས་དང་ཉེ་བར་བཅར་བའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། སྤྱི་ཚོགས་ཀྱི་སྣང་ཚུལ་དང་མི་དམངས་ཀྱི་འདོད་བློ་བསྡུ་ལེན་བྱེད་པ་སོགས་འགན་སྒྲུབ་བྱེད་ཐབས་བརྒྱུད་ནས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་མུ་མཐུད་ཤུགས་དྲག་ཏུ་གཏོང་དགོས།
གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཤིང་། ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་སྙན་ཞུ་ལ་ཉན། གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་གཏོང་བ་དང་། ཉེན་བརྡའི་སློབ་གསོའི་སྲོག་ཤིང་རྩ་གནད་ལ་གོ་བ་ཟབ་མོ་ལེན་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སྲོག་ཤིང་བླང་བྱ་ཁོང་དུ་དམ་པོར་ཆུད་པར་བྱས་ཏེ། སྤྱི་ཡོངས་བསམ་ནས་ཏང་འཛུགས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་གཞི་རྩའི་བརྗོད་སྙིང་། ཚན་རིག་ཇུས་ཆོད་ཀྱི་བྱ་བའི་བྱེད་ཐབས། དངོས་འཛིན་དངོས་སྒྲུབ་ཀྱི་ལག་ལེན་ཁྲིད་ཕྱོགས་བཅས་བརྟན་སྲུང་བྱས་ནས། གྱོད་དཔེ་མེ་ལོང་དུ་བཟུང་སྟེ་སྒྲིག་ཁྲིམས་ཀྱི་ཚད་མཐའ་ནན་མོར་སྲུང་བ་དང་། རྒྱུན་རྣམ་ཅན་གྱིས་རང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། འགན་སྒྲུབ་ཀྱི་ནོར་འཁྲུལ་ཡོ་བསྲང་བྱེད་དགོས་ལ། སློབ་བཤེར་བསྒྱུར་གསུམ་གྱི་ལས་དོན་སོ་སོར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། གནད་དོན་འཚོལ་ཞིབ་དང་འབུར་ཐོན་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱེད་པ་ནན་ཏན་གྱིས་ལེགས་པོར་སྒྲུབ་སྟེ། “རྒྱལ་ཁ་ལེན་པའི་ཁྲོད་དུ་ང་རང་མེད་ཀྱང་ཆོག་ལ”།“བྱས་རྗེས་འཇོག་པའི་སྐབས་སུ་ང་རང་ངེས་པར་ཡོད་དགོས”པའི་དམངས་ལ་བརྩེ་སེམས་བཅངས་པ་དང་ཁག་ཁུར་དངོས་སྒྲུབ་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས།
གྲོས་ཚོགས་ལས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་བྱས་ཤིང་། འབྲེལ་ཡོད་ཞིབ་བཤེར་བྱ་བའི་ཇུས་གཞི་དང་ཞིབ་བཤེར་གནས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད། འབྲེལ་ཡོད་མི་དོན་ཚན་པར་གྲོས་ཞིབ་བྱས།
རིན་ཆེན་རྣམ་རྒྱལ་དང་། ཁོང་ཡུང་། ཝང་ཀྲེན་ཁྲང་། ཀྲང་ཞའོ་རུང་། ཐེན་ཁུའེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མ་ཡུའེ་ཞང་། ཅིན་ཧྲེན་ཧྲིའུ། ཀྲུའུ་ཞང་ཏུང་བཅས་གྲོས་ཚོགས་ལ་ཞུགས།