མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས4ཉིན། སྐབས་དགུ་པའི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་དུ་བསྡུས། ཚོགས་འདུའི་སྔོན་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་འཚམས་འདྲི་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥེང་དང་དབྱང་ཧྥེང་ཁྲུན། ལི་ཧུང་ཡ། ལིའུ་ཏ་ཡེ་བཅས་སོ་སོར་ཚོགས་འདུར་ཞུགས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་བྱ་དགའ་ཐོབ་པའི་རྩོམ་རིག་སྒྱུ་རྩལ་པ་རྣམས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་བྱས། ཁོ་ཚོས་བཤད་རྒྱུར། རྩོམ་རིག་སྒྱུ་རྩལ་ལས་དོན་ནི་ཏང་དང་མི་དམངས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་ལ། རྩོམ་རིག་སྒྱུ་རྩལ་འཐབ་ཕྱོགས་ནི་ཏང་དང་མི་དམངས་ཀྱི་འཐབ་ཕྱོགས་གལ་ཆེན་ཞིག་ཡིན་པས། དུས་རབས་གསར་པའི་རྩོམ་རིག་སྒྱུ་རྩལ་བྱ་བ་བཟང་བོར་བསྒྲུབ་པའི་འགན་འཁྲི་ལྕི་ཞིང་ལས་འགན་གཟི་བརྗིད་ལྡན། ཚང་མས་བློ་བརྟན་འགྱུར་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ་དུས་རབས་གསར་པ་ཟིན་ཐོར་འགོད་པ་དང་དུས་རབས་གསར་པ་འབྲི་བ། དུས་རབས་གསར་པར་བསྟོད་གླུ་ལེན་པ་བཅས་ཀྱི་ལས་འགན་གལ་ཆེན་ཁག་ཁུར་བཟང་བོ་བྱེད་དགོས་པ་དང་། ང་ཚོ་གསོ་སྐྱོང་བྱས་པའི་མཚོ་སྔོན་གྱི་ས་གཞིའི་སྟེང་རྩ་བ་ཚུགས་པར་བྱས་ཏེ་དེར་འཚོ་བ་རོལ་བཞིན་པའི་རིགས་སོ་སོའི་མི་དམངས་བར་ཕན་ཚུན་འགྲོ་འོང་དང་བརྗེ་རེས། འབྲེལ་འདྲིས་བཅས་བྱེད་པ་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བཟང་བོར་བཤད་དགོས་པར་མ་ཟད། ཧུར་ཐག་གིས་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བརྩམས་ཆོས་རྩེ་གྲ་གསར་རྩོམ་བྱས་ནས་སྤྱོད་ཡོན་གཉིས་ལྡན་དོན་གཉེར་བྱེད་པའི་ཁྲོད་མི་ཚེའི་རིན་ཐང་མངོན་པར་བྱེད་རྒྱུའི་རེ་བ་བཏོན་པ་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རིག་གནས་དང་རྩོམ་རིག་སྒྱུ་རྩལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་ཐོག་མཐའ་བར་གསུམ་དུ་རྩོམ་རིག་སྒྱུ་རྩལ་བྱ་བ་དེ་གོ་གནས་གཙོ་བོར་བཞག་ནས་རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་རྣམས་ལ་དོ་ཁུར་བྱེད་དགོས། རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རང་འགུལ་ངང་ཞབས་འདེགས་བཟང་བོ་ཞུས་ཏེ་ཚང་མར་ཆ་རྐྱེན་དང་སྟེགས་བུ་བསྐྲུན་ནས་རྩོམ་རིག་སྒྱུ་རྩལ་གསར་རྩོམ་ལ་ཕན་པའི་ཁོར་ཡུག་སྔར་ལས་བཟང་བོ་འཛུགས་སྐྲུན་བྱེད་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་རྣམས་ཀྱིས་བསམ་བློའི་དར་ཆ་མཐོན་པོ་སྒྲེང་བ་དང་རིག་གནས་ཡིད་རྟོན་ཇེ་བརྟན་དུ་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་བརྗོད་དོན་གཙོ་བོར་དམིགས་ནས་དུས་རབས་གསར་པའི་མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོར་བཤད་དགོས་པ་དང་། རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་དཔལ་ཡོན་དར་སྲོལ་ལ་ཁྲིད་སྟོན་བྱེད་དགོས། མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་ཏེ་གཞི་རིམ་ལ་རྐང་འཛུགས་པ་དང་མང་ཚོགས་ཀྱི་འཚོ་བ་དང་བཅར་ནས་མཐོ་སྒང་གི་ལག་ལེན་གཙོ་བོའི་ཁྲོད་གསར་རྩོམ་གྱི་རྒྱུ་ཆ་བསྡུ་ལེན་བྱེད་དགོས་པ་དང་། སྤྱིར་བཏང་གི་འབད་འཐབ་བྱེད་མཁན་ལ་དམིགས་ཏེ་བརྩེ་སེམས་ཡོད་པའི་སྒོ་ནས་མི་དམངས་ཀྱི་ལོ་རྒྱུས་སྙན་ངག་འབྲི་དགོས་ལ། རྒྱུན་རྣམ་ཅན་གྱི་སྒོ་ནས་རྩོམ་རིག་སྒྱུ་རྩལ་གྱི་དམངས་ཕན་ཞབས་ཞུ་སྤེལ་དགོས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ནས་སྲོལ་རྒྱུན་རིག་གནས་ཀྱི་གསར་སྐྲུན་རང་བཞིན་གྱི་ཚུལ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། སྨྱན་སྦྱོར་གསར་པ་དང་ལག་རྩལ་གསར་པར་བརྟེན་ནས་བརྒྱུད་སྒྲོག་གི་ཐབས་ལམ་རྒྱ་བསྐྱེད་དགོས་པ་མ་ཟད། སྤུས་ལེགས་བརྩམས་ཆོས་གསར་རྩོམ་བྱས་ནས་མཚོ་སྔོན་གྱི་རྩོམ་རིག་སྒྱུ་རྩལ་གྱི་ཤུགས་རྐྱེན་ཆེ་རུ་གཏོང་དགོས། སྤྱོད་ལམ་དམ་གཙང་དང་བཟང་བོར་བཀུར་ཞིང་སྒྱུ་རྩལ་ལ་དགའ་བ། རང་གཅུན་ནན་མོ་བཅས་རྒྱུན་འཁྱོངས་བྱས་ཏེ་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བརྩམས་ཆོས་སྔར་ལས་མང་པོ་གསར་རྩོམ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་རྩོམ་རིག་སྒྱུ་རྩལ་གྱི་སྟོབས་ཤུགས་འབུལ་དགོས།
ལི་ཧུང་ཡ་ཡིས་ཚོགས་འདུར་འགོ་འཛིན་བྱེད་སྐབས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྐབས་དགུ་པའི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་གཟེངས་བསྟོད་བྱེད་པའི་ཆོད་དོན་སྒྲོག་འདོན་བྱས།
ཚོགས་འདུ་ལས། ཚོགས་ཞུགས་འགོ་ཁྲིད་རྣམས་ཀྱིས་བྱ་དགའ་ཐོབ་པའི་འཐུས་མིར་བྱ་དགའ་བྱིན་པ་དང་། འཐུས་མི་མཱ་ཧེ་དབྱི་དང་ཀྲུའུ་ཞའོ་ཀྲུང་། དགེ་འདུན་ཚེ་རིང་། མཱ་ཁྲེང་ཞུང་བཅས་ཀྱིས་གཏམ་བཤད།
ཚོགས་འདུའི་རྗེས་སུ། ཚོགས་ཞུགས་མི་སྣ་རྣམས་ཀྱིས་སྐབས་དགུ་པའི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ་པའི་བརྩམས་ཆོས་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་རྩོམ་རིག་སྒྱུ་རྩལ་གྱི་གྲུབ་འབྲས་འགྲེམ་སྟོན་ལ་བལྟས།