མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས4ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཟི་ལིང་དུ་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཚད་ཡོད་ཀུང་སིའི་རྐང་གཉེར་དབུ་གཙོ། ཏང་ཙུའུ་ཧྲུའུ་ཅི་ཏའེ་ཧོའུ་ལེང་སོགས་དང་བཞུགས་མོལ་བྱས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཏའེ་ཧོའུ་ལེང་སོགས་ལ་དགའ་བསུ་ཞུས་པ་དང་། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཚད་ཡོད་ཀུང་སིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། མཚོ་སྔོན་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱས་ནས་ཧུར་ཐག་གིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་བཟང་བོ་རྩོམ་བཞིན་པའི་སྒང་ཡིན། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཚད་ཡོད་ཀུང་སིས་སྣེ་ཁྲིད་ཁེ་ལས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་མཚོ་སྔོན་ལ་མ་དངུལ་གཏོང་ཤུགས་སྔར་ལས་ཆེ་རུ་གཏོང་བ། སྣུམ་རླངས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་དང་ཐོན་ལས་ལེགས་སྒྱུར་རིམ་སྤོར། ལྗང་མདོག་ནུས་ཁུངས་མ་ལག་བསྐྲུན་པ། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་སོགས་ཀྱི་ཕྱོགས་ནས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་དང་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་རྒྱུའི་རེ་བ་བཅངས་ཡོད། མཚོ་སྔོན་གྱིས་སྟོབས་ཤུགས་ཡོད་རྒུས་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་ནས་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཚད་ཡོད་ཀུང་སི་མཚོ་སྔོན་དུ་འཕེལ་རྒྱས་འགྲོ་བར་ཆ་རྐྱེན་བཟང་བོ་བསྐྲུན་ངེས་ཡིན།
ཏའེ་ཧོའུ་ལེང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་བོར་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཚད་ཡོད་ཀུང་སིའི་མཚོ་སྔོན་དུ་སྡོད་པའི་ཁེ་ལས་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཚད་ཡོད་ཀུང་སིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་བར་གྱི་འཐབ་ཇུས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་འཆར་འགོད་དང་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ། སྣུམ་རླངས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་ཤུགས་ཚད་ཆེ་རུ་གཏོང་བ། སྣུམ་རླངས་དང་ནུས་ཁུངས་གསར་པའི་ལས་སྒོའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏོང་བ་དང་མགྱོགས་མྱུར་སྒོས་ཐོན་ལས་རིམ་སྤོར་བྱེད་པ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་རོགས་འདེགས་བཅས་བྱས་ནས་ནུས་ཁུངས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བར་བྱས་རྗེས་འཇོག་ངེས་ཡིན་ཟེར།
ལིའུ་ཁྲའོ་བཞུགས་མོལ་ཁྲོད་ཞུགས།