པེ་ཅིང་དང་། ཧྲན་ཞི། བོད་ལྗོངས་བཅས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ་མགོ་རྩོམ་པའི”ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

པེ་ཅིན་དང་། ཧྲན་ཞི། བོད་ལྗོངས་བཅས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ་མགོ་རྩོམ་པའི”ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཉེ་ཆར་འཚོགས།   ས་གནས་ཀྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ལ་དམིགས་ཏེ། ཁྱོན་ཡོངས་ནས་སྤུས་ལེགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་དང་ལས་འགན་གལ་ཆེན་མཚམས་སྦྱོར་བྱས།

པེ་ཅིན་གྱིས་གྲོང་ཁྱེར་གྱི་འཐབ་ཇུས་ངེས་གནས་ལ་དམིགས་ཏེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། པེ་ཅིན་གྱིས་རྒྱལ་སའི་བྱེད་ནུས་རྒྱུན་མཐུད་ལེགས་སྒྱུར་རིམ་སྤར་དང་། པེ་ཅིན་གྲོང་ཁྱེར་གྱི་འཐབ་ཇུས་ངེས་གནས་དོན་འཁྱོལ་གཏིང་ཟབ། “ལྟེ་གནས་བཞི”ཡི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། “ཞབས་ཞུ་བཞིའི”ཆུ་ཚད་མཐོ་རུ་བཏང་སྟེ། བརྗིད་ཉམས་ཆེ་ཞིང་གོ་རིམ་ལྡན་པའི་སྲིད་དོན་ཁོར་ཡུག་སྐྲུན་པ་དང་། གནའ་དེང་མཉམ་འདྲེས་ཀྱི་གྲོང་ཁྱེར་རྣམ་པ་གཏོད་པ།  སྟབས་བདེ་བའི་འཚོ་སྡོད་ཁོར་ཡུག་སྐྲུན་པ་བཅས་བྱས་ཏེ།  2035ལོར་སྔོན་ལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་དགོས།

པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཀྲང་། དབྱིན་ཡུང་གིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་དམིགས་འབེན་ལས་འགན་གསལ་བོ་ཡིན་ལ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་སའི་འགན་འཁྲི་སྟངས་འཛིན་ནན་པོ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་སྔར་བས་ལེགས་པོ་ཞུས་ཏེ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་བས་ལེགས་པའི་ངང་སྐོང་ཐུབ་པ་བྱ་རྒྱུ་དང་།      ཕུགས་འདུན་གཅིག་རྒྱུན་འཁྱོངས་བྱས་ཏེ། བྱ་བ་སོ་སོའི་ཁྲོད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་སྔོན་ལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་རྒྱུར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས།

མ་འོངས་པའི་ལོ་ལྔ་ལ། པེ་ཅིང་གིས་དཔལ་འབྱོར་སྤུས་ལེགས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་འཕར་ཚད4.5%ནས5%བར་གཏན་འཁེལ་བྱ་རྒྱུ་དང་། ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་ཐད་དངུལ་གཏོང་བྱེད་ཚད་བརྒྱ་ཆ6ཡན་རྒྱུན་འཁྱོངས་བྱེད་པ། གྲངས་འཛིན་དཔལ་འབྱོར་འཕར་ཐང་ལོ་རེར་ཆ་སྙོམས་སུ་བརྒྱ་ཆ8ཡས་མས་འཕར་བར་བྱེད་པ། མིས་བཟོས་རིག་ནུས་དང་། ལྗང་མདོག་སྔོན་ཐོན་ནུས་ཁུངས།  ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་ཐོན་ལས་བཅས་ཁྲག་ཆེན་རིམ་པའི་ཐོན་ལས་སྡེ་ཚོགས་གསར་པ་ཞིག་ཏུ་བསྐྲུན་དགོས། པེ་ཅིན་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། པེ་ཅིན་དང་ཐེན་ཅིན། ཧོ་པེ་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།     གྲོང་ཁྱེར་ཆེ་གྲས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་དོ་སྣང་བྱས་ཏེ། ཚད་གཞི་ཆེས་མཐོ་བ་དང་ཆུ་ཚད་ཆེས་མཐོ་བ། གྲུབ་འབྲས་ཆེས་ལེགས་པའི་སྒོ་ནས་རྒྱལ་སའི་བྱ་བ་ལེགས་པོ་སྒྲུབ་པ་དང་། གྲོང་ཁྱེར་གྱི་ཞིབ་ཕྲ་ཅན་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་དགོས།

ཧྲའན་ཞིས་བློ་བརྟན་འགྱུར་མེད་དང་གོ་རིམ་ལྡན་པའི་སྒོ་ནས་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ལ། ཧྲའན་ཞིས་དབུས་རྒྱུད་ས་ཁུལ་མགྱོགས་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་།   རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད། རྒྱལ་ཁབ་ཀྱི་ཐོན་ཁུངས་ཅན་གྱི་དཔལ་འབྱོར་ཚུལ་སྒྱུར་ཕྱོགས་བསྡུས་ལེ་ལག་ཚང་བའི་བཅོས་སྒྱུར་ཚོད་ལྟ་ཁུལ་འཛུགས་སྐྲུན། ནུས་རྒྱུའི་གསར་བརྗེ་གཏིང་ཟབ་ཏུ་གཏོང་བ། སྐམ་སའི་ས་ཁུལ་གྱི་ཕྱི་ཕྱོགས་སྒོ་འབྱེད་མཐོ་གནས་གསར་གཏོད་སོགས་ཕྱོགས5ཡི་འགན་འཁྲི་དང་ལས་འགན་ལག་བསྟར་ལ་དམིགས་ཏེ། རྒྱལ་ཁབ་ཀྱི་ནུས་རྒྱུ་གལ་ཆེན་གྱི་མ་བཅོས་རྒྱུ་ཆའི་རྟེན་གཞི་དང་། ཁྱད་ལྡན་སྒྲིག་ཆས། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་རྟེན་གཞི་སོགས་གཙོ་རྒོལ་ཁ་ཕྱོགས6དམ་འཛིན་ནན་པོ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་གོ་རིམ་ལྡན་པའི་སྒོ་ནས་ཚུལ་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཧྲའན་ཞི་ཞིང་ཆེན་གྱི་ཧྲིན་ཀྲང་།  ལུའུ་ཏུང་ལིའང་གིས་བཤད་རྒྱུར།

ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྱི་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅིངས་ཏེ། རྒྱལ་ཁབ་ཀྱི་རྡོ་སོལ་གློག་འདོན་འགན་ལེན་གྱི་འགན་འཁྲི་བརྟན་པོ་འཁུར་ནས།  ནུས་རྒྱུའི་ཕྱོགས་སྒྱུར་ཇེ་མགྱོགས་སུ་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་བ། ཡུལ་བབ་དང་བསྟུན་ནས་གསར་དར་ཐོན་ལས་དང་མ་འོངས་བའི་ཐོན་ལས་བཀོད་སྒྲིག་བྱེད་དགོས་ལ། རྡོ་སོལ་མིན་པའི་གཏེར་ཁ་དང་།  ཞིང་ལས།  རིག་གནས་ཡུལ་སྐོར།  ལུས་གསོ།  སྐྱེ་ཁམས་སོགས་ཀྱི་བསྡུར་གཞི་ཡོད་པའི་དགེ་མཚན་འདོན་སྤེལ་བྱས་ནས་ནུས་ཁུངས་དང་ཐོན་ཁུངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་དགོས།

མ་འོངས་པའི་ལོ་ལྔ་ལ། ཧྲའན་ཞིས་སྤུས་ལེགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ལེན་པ་དང་ཐོན་ཁུངས་ཅན་གྱི་དཔལ་འབྱོར་ཕྱོགས་སྒྱུར་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་སོགས་ཕྱོགས8ཀྱི་དམིགས་འབེན་གཙོ་བོ་ཁ་གསལ་བཟོས་པ་དང་། རིགས་ཆེན་པོ6གི་དམིགས་འབེན་གཙོ་བོ26དང་ཞིབ་ཕྲའི་དམིགས་འབེན་ཞིབ་ཕྲ་བཟོས་ཡོད་ལ། བསྐྱར་སྤྱོད་རུང་བའི་ནུས་ཁུངས་སྒྲིག་སྦྱོར་གཞི་ཁྱོན་སྟོང་ཝ་དུང་ཕྱུར1གསར་དུ་འཕར་དགོས། ནུས་ཁུངས་གསར་བརྗེ་རྒྱུན་མཐུད་ངང་ཟབ་སྤེལ་དང་། ནུས་ཁུངས་མ་ལག་གསར་པ་བཙུགས་ཏེ། རྒྱུན་གཏན་མིན་པའི་རང་བྱུང་སོལ་རླངས་གསོག་འབོར་མང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས2030ལོར་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་གསུམ་ལ་བརྩོན་ལེན་བྱས་ཏེ། ཐོན་ལས་མུ་ཕྲེང་ཡོངས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲག་ཁྲིག་ལས་བརྒལ་དགོས། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུར་ཐོད་བརྒལ་གསར་པ་བྱུང་དགོས། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་སྲུང་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ།  མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

ཀྲུང་གོའི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་འབྲི་དགོས།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། བོད་ལྗོངས་ཀྱིས་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན། འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི། ནུས་རྒྱུ་གཙང་མའི་རྟེན་གཞི་བཅས་ལ་སྤྲད་པའི་འཐབ་ཇུས་ངེས་གནས་ལ་གཞི་ཚུགས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་ཀྱི་དོན་ཆེན་བཞི་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། བཅོས་བསྒྱུར་ཟབ་སྤེལ། དམངས་འཚོ་ལེགས་བཅོས། སྐྱེ་ཁམས་སྲུང་སྐྱོང་། མཐའ་སྲུང་མཐའ་བརྟན་བཅས་ཀྱི་གཙོ་གནད་ལ་དམིགས་ནས་ཤུགས་རྒྱག་དགོས། 

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི། ཀརྨ་ཚེ་བརྟན་གྱིས་བཤད་རྒྱུར།

ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ་བཅས་བྱེད་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ།“དོན་ཆེན་བཞིར”དམིགས་ནས།“གསར་གཏོད་བཞི”བྱེད་དགོས། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་བྱས་རྗེས་གསར་པ་བཞག་སྟེ། བོད་ལྗོངས་དང་རྒྱལ་ཡོངས་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་དུ་འགྱུར་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོད་པར་འགན་ལེན་ཏན་ཏིག་བྱེད་དགོས།

མ་འོངས་པའི་ལོ་ལྔའི་རིང་། བོད་ལྗོངས་ཀྱིས་ཁྱད་ལྡན་ཞིང་ཕྱུགས་ལས་དང་། ནུས་ཁུངས་གཙང་མ། རིག་གནས་ཡུལ་སྐོར། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། མཐའ་མཚམས་ཚོང་དོན་ཟོང་འགྲུལ་ལས་རིགས་བཅས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས། གྲངས་འཛིན་དཔལ་འབྱོར་དང་། དམའ་དབྱིངས་དཔལ་འབྱོར། ཆིང་དབྱང་ཐོན་ལས། ནུས་གསོག་གསར་པ་སོགས་གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་ལ་རྒྱང་ལྟ་བཀོད་སྒྲིག་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཅིག་འཛུགས་བསྐྲུན་བྱ་རྒྱུ་རེད། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་དཔེ་སྟོན་ཁུལ་རྒྱུན་མཐུད་གསར་བསྐྲུན་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་དར་རྒྱས་དང་བརྟན་བརླིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་དགོས། རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་ནས། ཁྱད་ལྡན་དང་། རྩེར་སོན། སྤུས་ལེགས་བཅས་ཀྱི་ཡུལ་སྐོར་ལམ་ཐིག་མངོན་གསལ་དོད་པར་བྱས་ཏེ། 2030ལོར་སླེབས་སྐབས་རིག་གནས་སྟོབས་ལྡན་ཁུལ་དང་། ཡུལ་སྐོར་སྟོབས་ལྡན་ཁུལ་གཞི་རྩའི་ཆ་ནས་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།