གུང་ཧོ་རྫོང་གིས་དྲ་ཐོག་ནས་མི་དམངས་འདུམ་འགྲིག་གྲོས་མཐུན་གྱི་གྱོད་གཞི་ཐོག་མ་ཐག་གཅོད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཟླ5ཚེས28ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་རྫོང་ཡོངས་ཀྱི་དྲ་ཐོག་མི་དམངས་འདུམ་འགྲིག་གྲོས་མཐུན་གྱི་གྱོད་གཞི་ཐོག་མ་བསྒྲུབས། ལྟེ་གནས་དེས་གྲངས་འཛིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས། གླ་ཕོགས་དང་དྲ་རྒྱའི་མཚན་འཛིན་དབང་གནོད་མཉམ་འདུས་ཀྱི་རྩོད་གཞི་ཞིག་ཐག་གཅོད་བྱས་ཏེ། མང་ཚོགས་རང་ཁྱིམ་ནས་ཕྱི་རུ་འགྲོ་མི་དགོས་པར་ཁེ་དབང་སྲུང་སྐྱོང་དང་རྩོད་གཞི་ཐག་གཅོད་བྱས། 

ཐེངས་འདིའི་རྩོད་གཞི་ནི་ཀྲོའུ་ཆེ་གེ་མོ་དང་ཁོངས་གཏོགས་ས་ཁུལ་གྱི་ཟ་ཁང་བར་གྱི་གླ་ཕོགས་རྩོད་གཞི་ལས་བྱུང་བ་རེད། གླ་ཕོགས་བསྡོམས་རྩིས་ཐད་ནས་ཕན་ཚུན་འགལ་བ་བྱུང་རྗེས། ཀྲོའུ་ཆེ་གེ་མོས་དྲ་ཐོག་ནས་འོས་འཚམ་མིན་པའི་གཏམ་བརྗོད་སྤེལ་ནས། ཚོང་པའི་མཚན་སྙན་ལ་གནོད་པ་བཟོས་བས་འགལ་བ་ཐག་གཅོད་བྱེད་མ་ཐུབ་པ་རེད། ཀྲོའུ་ཆེ་གེ་མོས་འདུམ་འགྲིག་བྱ་རྒྱུའི་རེ་ཞུ་བྱས་པ་དང་འདུམ་འགྲིག་པས་དོན་དངོས་ལ་ཞིབ་དཔྱད་དང་བཅའ་ཁྲིམས་གསལ་འགྲེལ་བྱས་ནས་ཕྱོགས་གཉིས་ཀྱི་གླ་ཕོགས་ཐད་ཀྱི་རྩོད་གཞི་ཐག་གཅོད་བྱས་པ་དང་། དགོངས་དག་ཞུས་ནས་ཕན་ཚུན་འགན་འཁྲི་རྩད་གཅོད་མི་བྱེད་པ་བཅས་བྱས། དོན་དག་དང་འབྲེལ་བ་ཡོད་པའི་ཚོང་པ་ས་ཆ་གཞན་དུ་ཚོགས་འདུར་ཞུགས་བཞིན་ཡོད་པའི་དབང་གིས་ས་གནས་སུ་མིང་རྟགས་འགོད་མི་ཐུབ། རྩོད་གཞི་ཆེ་རུ་མི་འགྲོ་བའི་ཆེད། ཕྱོགས་གཉིས་མོས་མཐུན་བྱུང་པ་བརྒྱུད་ལྟེ་གནས་ཀྱིས་སྐད་འཕྲིན་དྲ་ཐོག་ནས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

ཐེངས་འདིའི་དྲ་ཐོག་འདུམ་འགྲིག་བྱེད་སྐབས་ཁྲིམས་མཐུན་དང་། རང་མོས། ཚད་ལྡན་བཅས་ཀྱི་རྩ་དོན་ནན་བསྲུངས་བྱས་ནས་བརྒྱུད་རིམ་ཧྲིལ་པོར་གཟབ་ནན་ངང་རྗེས་ཤུལ་ཡོད་པ་དང་ཁུངས་འདེད་ཐུབ་ཀྱི་ཡོད་པ་རེད། ལས་དོན་མི་སྣས་བརྙན་ལམ་བརྒྱུད་ནས་ཕྱོགས་གཉིས་ཀྱི་ཐོབ་ཐང་ལ་ཞིབ་བཤེར་བྱས་པ་དང་། གན་རྒྱ་འཇོག་མཁན་གཙོ་བོ་སྒྲིག་སྲོལ་དང་མཐུན་ཞིང་ཕན་ནུས་ལྡན་པར་ངོས་འཛིན་བྱེད་པ། གློག་རྡུལ་གྲོས་མཐུན་ཡི་གེ་སྐུར་བ་མ་ཟད་དོན་ཚན་གཙོ་བོ་རེ་རེ་བཞིན་གསལ་འགྲེལ་བྱས། དོ་བདག་གིས་གནས་ཚུལ་ཤེས་རྟོགས་དང་རང་མོས་ངང་གན་རྒྱ་འཇོག་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་གང་ལེགས་བྱེད་པ། ཕྱོགས་གཉིས་ཀྱིས་དྲ་ཐོག་ནས་མིང་རྟགས་བཀོད་དེ་ཁས་ལེན་བྱས་རྗེས། ལྟེ་གནས་ཀྱིས་མིང་རྟགས་འགོད་པ་དང་། དགོངས་དག་ཞུས་པའི་ཡིག་གེ་དང་གླ་ཕོགས་རྩིས་རྒྱབ་པ་སོགས་དངོས་དཔང་གཅིག་གྱུར་གྱི་གློག་རྡུལ་ཡིག་ཚགས་ནང་བཅུག་ནས་བརྒྱུད་རིམ་ཧྲིལ་པོར་ཞིབ་བཤེར་བྱ་ཐུབ་པ་རེད།

རྩོད་གཞི་འདི་ཐེངས་གཅིག་གིས་ཐག་གཅོད་འོས་འཚམ་བྱས་པ་དང་། ཀྲོའུ་ཆེ་གེ་མོས་གླ་ཕོགས་བླངས་རྗེས་ཚུལ་མིན་གྱི་གཏམ་བརྗོད་བསུབ་པ་མ་ཟད། ཡིག་ཐོག་ནས་དགོངས་དག་ཞུས་པ་དང་ཚོང་པས་རང་མོས་ངང་འགན་འཁྲི་བདའ་འདེད་མི་བྱེད་རྒྱུ་བྱས། དྲ་ཐོག་འདུམ་འགྲིག་བྱས་པ་ལས་དུས་ཚོད་མང་པོ་ཞིག་འཕྲོ་བརླག་གཏོང་མི་དགོས་ལ། མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པར་དུས་ཚོད་དང་དཔལ་འབྱོར་གྱི་འགྲོ་སོང་ཇེ་དམའ་རུ་གཏོང་ཐུབ་པ་རེད། རྩོད་གཞི་འགོར་འགྱངས་དང་འགལ་བ་བསྐྱར་ལོག་གི་གནད་དོན་གཏན་འགོག་བྱེད་ཐུབ་ལ། དྲ་ཐོག་གྲོས་མཐུན་ལ་འདྲ་མཉམ་གྱི་བཅའ་ཁྲིམས་ནུས་པ་ལྡན་པ་དང་། ལུགས་མཐུན་རང་བཞིན་གྱི་འགན་སྲུང་ཡོད།

གུང་ཧོ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བས་བཤད་རྒྱུར། གྱོད་གཞི་ཞིབ་གཅོད་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱ་རྒྱུ་དང་། དྲ་ཐོག་འདུམ་འགྲིག་གི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། དྲ་ཐོག་གི་དམངས་ཕན་འདུམ་འགྲིག་བྱེད་སྟངས་རྒྱུན་རྣམ་ཅན་དུ་ཁྱབ་གདལ་གཏོང་བ། ལས་དོན་མི་སྣའི་གྲངས་འཛིན་ཅན་གྱི་གྱོད་སྒྲུབ་ནུས་པ་ཆེ་རུ་གཏོང་བ་དང་བློ་གྲོས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་བྱས་ཏེ། མང་ཚོགས་ཀྱི་ཐོབ་ཚོར་དང་ཡིད་ཚིམ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།