ཟླ6པའི་ཚེས3ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས་ཉེར་བདུན་པ་ཟླ7པའི་ཚེས15ཉིན་ཚེས19ཉིན་བར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་ལ། ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་སུ་ཐོག་མར་ཧྲན་ཏུང་དང་ཧྥུའུ་ཅན་གྱི་མགྲོན་བདག་ཞིང་ཆེན་གཉིས་དང་ཀྲི་ལི་མགྲོན་བདག་རྒྱལ་ཁབ་བཀོད་སྒྲིག་བྱས་ཏེ། འགྲེམ་ཚོགས་རིམ་པ་དང་སྒོ་འབྱེད་སྒྲིག་གཞི། ཤུགས་རྐྱེན་བཅས་མཐོ་རུ་གཏོང་རྒྱུ་རེད།
མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ནི་མཚོ་སྔོན་ཞིང་ཆེན་གྱིས་ཕྱི་ཕྱོགས་སྒོ་འབྱེད་དང་ཚོང་འགུག་དངུལ་འདྲེན། འཕེལ་རྒྱས་སྣང་བརྙན་མངོན་པ་བཅས་ཀྱི་སྲོག་ཤིང་སྟེགས་བུ་ཡིན་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་ཡོད། འགྲེམ་ཁུལ་དུ་མགྲོན་བདག་རྒྱལ་ཁབ་དང་མགྲོན་བདག་ཞིང་ཆེན། ཞིང་ཆེན་དང་གྲོང་ཁྱེར་གཞན་དག སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས། ཐོན་ལས་གནས་བཞི། ལྗང་མདོག་རྩིས་ནུས། ས་ཁུལ་འཕེལ་རྒྱས་སོགས་ཀྱི་ཁྱད་ལྡན་འགྲེམ་ཁུལ་བཀོད་སྒྲིག་བྱས་ཡོད། ཚོགས་འདུའི་སྐབས་སུ་འགོ་རྩོམ་ཚོགས་འདུ་དང་། དངུལ་གཏོང་འོས་སྦྱོར་ཚོགས་འདུ། ལས་གཞི་གལ་ཆེན་ལ་མིང་རྟགས་འགོད་པའི་མཛད་སྒོ། རྒྱལ་དབང་རྒྱུ་ནོར་དང་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་ཤུགས་འདོན་པའི་བྱེད་སྒོ། མགྲོན་བདག་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་བརྗེ་རེས་ཚོགས་འདུ། འཛམ་གླིང་ཚྭ་མཚོའི་ཐོན་ལས་མཉམ་ལས་ཚོགས་ཆེན། སྐྱེ་དངོས་དང་ཀྲུང་བོད་ལུགས་གསོ་རིག་ཐོན་ལས་མཉམ་ལས་ཚོགས་ཆེན་སོགས་ཀྱི་བྱེད་སྒོ་བཅུ་ལྷག་སྤེལ་ནས། སྲིད་གཞུང་དང་ཁེ་ལས་སྦྲེལ་མཐུད། ཞིང་ཆེན་དང་ཞིང་ཆེན་མཉམ་འགུལ། རྒྱལ་སྤྱིའི་མཉམ་ལས་བཅས་ཀྱི་རྩེ་རིམ་བརྗེ་རེས་སྟེགས་བུ་བསྐྲུན་རྒྱུ་རེད། མིག་སྔར། འགྲེམ་ཚོགས་ཀྱི་སྤྱིའི་གྲ་སྒྲིག་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ལ། འགྲེམ་ཁུལ་བཀོད་སྒྲིག་དང་བྱེད་སྒོའི་ཇུས་གཞི། གདན་ཞུའི་སྐུ་མགྲོན། ཚོང་འགུག་གསོག་ཉར། དྲིལ་སྒྲོག་ཇུས་གཞི་སོགས་དུས་རིམ་སྔོན་མའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་བ་དང་། ཆེད་དོན་གྲ་སྒྲིག་ལས་འགན་སྣ་ཚོགས་བརྟན་པོའི་ངང་དངོས་འབེབས་བྱེད་བཞིན་ཡོད།
ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཞིང་གིས་གྲོས་ཚོགས་འཚོག་པའི་གནད་འགག་ལས་རིམ་ལ་དམ་པོར་དམིགས་པ་དང་། ཞིབ་ཚགས་ཡིན་པ། ཞབས་ཞུ་འགན་སྲུང་། དྲིལ་སྒྲོག་འོས་སྦྱོར་བཅས་གཙོ་གནད་གསུམ་ལ་གཞིགས་ཏེ། ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱ་བ་འབད་པས་སྒྲུབ་པ་དང་། ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལེགས་འགྲུབ་ཡོང་བ་དང་ཕུན་སུམ་ཚོགས་པར་ཁག་ཐེག་བྱེད་པ། འགྲེམ་ཚོགས་ཆེན་མོའི་སྟེགས་བུའི་གཅིག་བསྡུས་ཀྱིས་སྟོབས་ནུས་སྩོལ་བའི་དགེ་མཚན་བཏོན་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་དྲག་པོ་སྣོན་རྒྱུ་རེད།