རྨ་ལྷོ་ཁུལ་གྱིས་ཞོད་ཐན་སྔོན་འགོག་འགོག་ར་བརྟན་པོར་བཙུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞོད་ཐན་སྔོན་འགོག་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གིས་ཁུལ་འཕྲལ་བསྟུན་དོ་དམ་ཅུས་དང་ཁུལ་གནམ་གཤིས་ཅུས།   ཁུལ་རང་བྱུང་ཐོན་ཁུངས་ཅུས།   དེ་མིན་ཞིང་ཆེན་ཁོར་ཡུག་ས་གཤིས་རྩད་བཤེར་ཅུས་དང་མཉམ་འབྲེལ་བྱས་ནས་གྲོང་ཁྱེར་གཅིག་དང་རྫོང་གསུམ་དུ་སོང་སྟེ་ཞོད་ཐན་སྔོན་འགོག་གི་སྲིད་འཛིན་འགན་ཁུར་པར་ས་གཤིས་གནོད་འཚེ་དང་གནམ་གཤིས་གནོད་འཚེ་སྔོན་འགོག་གི་ཆེད་དོན་གསོ་སྦྱོང་སྤེལ་ཞིང་།    བྱང་ཕྱོགས་ས་ཁུལ་གྱི་ཞོད་འགོག་གཞི་རིམ་ལས་བྱེད་པའི་མཉམ་སློབ་སློབ་ཐུན་གྱི་སྐུལ་འདེད་བྱ་བར་ལྟ་སྐུལ་མཛུབ་ཁྲིད་བྱས།  ཟླ6པའི་ཚེས3ཉིན་བར།   བསྡོམས་པས་གཞི་རིམ་གནོད་འགོག་ལས་ཡུལ་དང་པོའི་མི་སྣ་བདུན་བརྒྱ་གྱ་བདུན་གསོ་སྦྱོང་ལ་ཞུགས་ཏེ་ཞོད་འགོག་འགན་འཁྲི་ཇེ་དམ་དང་གཞི་རིམ་གྱི་འཕྲལ་བསྟུན་ཐག་གཅོད་ནུས་པ་ཇེ་ཆེར་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན།   ཐེངས་འདིའི་གསོ་སྦྱོང་གིས་གནོད་འཚེ་ཉེན་བརྡའི་རྐྱེན་སྲོལ་དོན་འཁྱོལ་བྱེད་པར་དམིགས་ནས་གཅིག་བསྡུས་སློབ་ཁྲིད་དང་བསམ་འཆར་བསྡུ་ལེན་སོགས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ཟླ5པའི་ཚེས14ཉིན་ནས་བཟུང་།  སྔ་གཞུག་ཏུ་ཐུན་རིན་དང་གཅན་ཚ།   རྩེ་ཁོག   ཧི་ནན་བཅས་ས་ཁུལ་བཞི་རུ་གསོ་སྦྱོང་འཛིན་གྲྭ་ཐེངས་བཞིར་སྤེལ། རྨ་ལྷོ་ཁུལ་གྱི་ཞང་དང་གྲོང་རྡལ་སོ་བཞི་རུ་མཉམ་སློབ་སློབ་ཐུན་བཀོད་སྒྲིག་བྱས་པ་དང་། དེ་གྲོང་ཁྱེར་དང་རྫོང་གི་ཞོད་འགོག་བཀོད་འདོམས་ཁོངས་གཏོགས་སྡེ་ཁག་གི་ལས་སྒོའི་འགན་ཁུར་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི།   ཞང་དང་གྲོང་རྡལ། སྡེ་བ།  སྡེ་ཁུལ་བཅས་ཀྱི་ཞོད་འགོག་སྲིད་འཛིན་འགན་ཁུར་པ།   གནམ་གཤིས་ཆ་འཕྲིན་མི་སྣ།  ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་མི་སྣ། དེ་མིན་ཞོད་འགོག་ཁེ་ལས་མི་སྣ་སོགས་ཚོགས་སྤྱིར་ཁེབས་པར་བྱས་ཡོད།  

རྨ་ལྷོ་ཁུལ་གནམ་གཤིས་ཅུས་ཀྱི་ཆེད་མཁས་པས2026ལོའི་ཞོད་དུས་ཀྱི་གནམ་གཤིས་འཕེལ་ཕྱོགས་ལ་དབྱེ་ཞིབ་བྱས་པ་དང་།   གནམ་གཤིས་གནོད་འཚེའི་ཉེན་བརྡ་དང་སྡེ་ཁག་མཉམ་འགུལ་སྒྲིག་སྲོལ་འགྲེལ་བཤད་བྱས།   ས་གཤིས་གནོད་འཚེའི་ཆེད་མཁས་པས་མ་ལག་ལྡན་པའི་སྒོ་ནས་རི་ཉུལ་བ་དང་འདམ་རྡོའི་ཆུ་རུད་སོགས་གནོད་འཚེའི་རིགས་དང་དབྱེ་འབྱེད་བྱེད་ཐབས།    ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཐད་ཀྱི་དངོས་སྦྱོང་གཙོ་གནད་མཚམས་སྦྱོར་བྱས།

དེའི་མཚུངས་སུ།   ཞང་དང་གྲོང་རྡལ། སྡེ་བ།  སྡེ་ཁུལ་བཅས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་སུམ་བརྒྱ་དང་གཅིག་གིས་དྲ་ཐོག་དང་གཅིག་བསྡུས་གསོ་སྦྱོང་གི་བྱེད་ཐབས་བརྒྱུད་དེ་བྱང་ཕྱོགས་ས་ཁུལ་གྱི་ཞོད་འགོག་གཞི་རིམ་ལས་བྱེད་པའི་མཉམ་སློབ་སློབ་ཐུན་ཁྲོད་ཞུགས་པ་དང་།   ཆུ་ལོག་གི་ཉེན་ཁ་ངོས་འཛིན་དང་གནས་སྤོ་ཉེན་གཡོལ།  གནོད་འཚེའི་ཆ་འཕྲིན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་ནང་དོན་སློབ་སྦྱོང་བྱས།  རྨ་ལྷོ་ཁུལ་ཞོད་ཐན་སྔོན་འགོག་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གིས་དུས་མཉམ་དུ་ཡུལ་དངོས་ལྟ་ཞིབ་སྤེལ་ཏེ་ཞང་དང་གྲོང་རྡལ་ཁ་ཤས་ཀྱི་སློབ་སྦྱོང་བྱེད་ཚད་དལ་བའི་གནད་དོན་དུས་ཐོག་ཏུ་དག་ཐེར་ལེགས་བཅོས་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།