མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས22ཉིན་བསྡོམས་རྩིས་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར123.50ཟིན་པ་དང་། དེ་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར14.95འཕར་ཞིང་། འཕར་ཚད13.77%ཡིན་པ་དང་། ། མཚོ་སྔོན་ཞིང་ཆེན་གྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་གནས10.49མཐོ་བ་མ་ཟད། འཕར་ཚད་དེ་ལོ་ལྔ་བསྟུད་མར་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསླེབས་ཡོད་པས། བརྟན་ཞིང་གནད་ལ་འཁེལ་བའི་དངུལ་རྩའི་མཁོ་སྤྲོད་ལ་བརྟེན་ནས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་རིམ་སྤོར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་། མཚོ་སྔོན་གྱི་ཐོན་ལས“གནས་བཞི”འཛུགས་སྐྲུན་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་ཤུགས་བསྣན
མི་དམངས་དངུལ་ཁང་རྨ་ལྷོ་ཁུལ་ཡན་ལག་དངུལ་ཁང་གིས་མཚོ་སྔོན་གྱི་ཐོན་ལས“གནས་བཞི”འཛུགས་སྐྲུན་གྱི་ལྟེ་བའི་འཐབ་ཇུས་ལ་དམ་པོར་དམིགས་ཏེ་ས་གནས་དེའི་སྐྱེ་ལྡན་ཞིང་ཕྱུགས་དང་། སྐྱེ་ཁམས་རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ་སོགས་ཁྱད་ལྡན་དང་ལེགས་ཆ་ལྡན་པའི་ཐོན་ལས་ལ་དམིགས་ནས་གནད་ལ་འཁེལ་བའི་ཤུགས་སྣོན་བརྒྱབ་པས་དངུལ་རྩའི་ནུས་པ་སྤྲོད་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
རྨ་ལྷོ་ཁུལ་གྱིས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྔོན་ལ་དཔེ་སྟོན་ཁུལ་གྱི་འཕེལ་རྒྱས་ངེས་གནས་ལ་གཞི་ཚུགས་ནས་ཁྱད་ལྡན་སྐྱེ་ལྡན་འབྲོག་ལས་དེ་ཐོན་ལས“གནས་བཞི”འཛུགས་སྐྲུན་དོན་འཁྱོལ་བྱེད་པའི་ལྟེ་བའི་དམ་འཛིན་སར་བརྩི་དགོས། མི་དམངས་དངུལ་ཁང་རྨ་ལྷོ་ཁུལ་ཡན་ལག་དངུལ་ཁང་གིས་དངུལ་རྩའི་རྒྱབ་སྐྱོར་བྱ་སྤྱོད་ཇུས་གཞི་ཆེད་མངགས་བཏོན་ནས་ཕྱོགས་བཞིའི་མཉམ་འགུལ་ལམ་སྲོལ་དང་ཁྱད་ལྡན་ཐོན་ལས་ཀྱི་དངུལ་རྩའི་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ཏེ་ཆེད་གཏོགས་ཡིད་རྟོན་དངུལ་བུན་ཐོན་རྫས་མང་པོ་གསར་གཏོད་དང་། ཁག་ཐེག་འགན་སྲུང་གི་ལེ་ལག་ཚང་བའི་ཞབས་ཞུ་འཐུས་ཚང་དུ་བཏང་སྟེ་བོད་ལུག་དང་ནོར་ནག་སོགས་ས་གནས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ལ་ནུས་པ་བསྩལ། དུས་ཚིགས་དང་པོའི་དུས་མཇུག་བར་སྐྱེ་ལྡན་འབྲོག་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར27.93ཟིན་པ་དང་། ད་ལོའི་ནང་དངུལ་བུན་སྒོར་དུང་ཕྱུར4.3ཁ་སྣོན་བརྒྱབ་ཏེ། ས་གནས་དེའི་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས་གཞི་ཁྱོན་ཅན་དང་སྤུས་རྟགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ནས་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་རྨང་གཞི་སྲ་བརྟན་དུ་བཏང་།
ནུས་རྒྱུ་གཙང་མ་དང་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མི་དམངས་དངུལ་ཁང་རྨ་ལྷོ་ཁུལ་ཡན་ལག་དངུལ་ཁང་གིས་ལྗང་མདོག་དངུལ་རྩའི་འགྲན་སྡུར་ལམ་བུ་གཏིང་ཟབ་སྤེལ་ནས། མཚོ་སྔོན་གྱི་རྒྱལ་ཁབ་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་རོགས་རམ་བྱས། རྨ་ལྷོ་ཁུལ་གྱིས་ཞིང་ཆེན་མང་པོར་མཉམ་འགུལ་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་དངུལ་རྩའི་མཉམ་ལས་ལམ་སྲོལ་བཙུགས་ཏེ་ས་གནས་དེའི“ཕྱུགས་འོད་གསོག”གཞི་གཅིག་ཅན་གྱི་ནུས་རྒྱུ་གཙང་མའི་ཁྱད་ལྡན་ཐོན་ལས་ལ་དམིགས་ཏེ་ཡིད་རྟོན་དངུལ་བུན་མ་དངུལ་སྒོར་དུང་ཕྱུར11བཏང་ནས་ལས་གཞི་གཙོ་གནད་འཛུགས་སྐྲུན་ལ་འདེགས་སྐྱོར་བྱས། དེ་དང་ཆབས་ཅིག་སྐྱེ་ཁམས་སྲུང་སྐྱོང་གི་དངུལ་རྩའི་རྣམ་པ་གསར་གཏོད་བྱས་ནས་ཆེད་དོན་དངུལ་བུན་སྒོར་དུང་ཕྱུར4ལྷག་བཏང་སྟེ་ཞིང་ཕྱུགས་དུད་ཚང3000ལྷག་ལ་ཕན་པ་ཐོབ། དུས་ཚིགས་དང་པོའི་དུས་མཇུག་བར་ཁུལ་ཡོངས་ཀྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར33.68ཟིན་ཞིང་། དེ་དུས་མཚུངས་ལས30.64%འཕར་ནས་ལྗང་མདོག་དངུལ་རྩས་སྐྱེ་ཁམས་ཀྱི་ཁྱད་ལྡན་ཐོན་ལས་ལ་ནུས་པ་སྤྲད་དེ་ས་ཁོངས་ཀྱི་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད།