ཉེ་ཆར། མཚོ་སྔོན་ཞིང་ཆེན་དམངས་ཆེན་ཚོགས་ཆེན་གྱི་མི་རིགས་ཕྱིར་སྡོད་རང་མིའི་ལས་དོན་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚོགས་ཆུང་བཙུགས་ཏེ་མཚོ་ཤར་གྲོང་ཁྱེར་ས་ལར་རིགས་རང་སྐྱོང་རྫོང་དང་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་དུ“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་སྐྱོང་གནས་ཚུལ་ལ་ཡར་སྐུལ་གཏོང་བར”ཆེད་དོན་རྟོག་ཞིབ་བྱས།
རྟོག་ཞིབ་ཚོགས་ཆུང་སྔ་གཞུག་ཏུ་ཞོན་ཧྭ་བོད་ཡིག་སློབ་འབྲིང་དང་དཔའ་ལུང་རྫོང་གི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་སློབ་གསོའི་རྟེན་གཞི་དང་། ཆུ་འཁོར་གསར་ཁུལ་མཁར་ནུབ་སྡེ་ཁུལ། དཔའ་ལུང་རྫོང་གི་འཐེན་ཐུག་གློག་རྡུལ་ལྟེ་གནས་བཅས་སུ་སོང་སྟེ། ཡུལ་དངོས་ནས་ལྟ་ཞིབ་དང་ངོ་སྤྲོད་ལ་ཉན་པ། བཞུགས་མོལ་ཚོགས་འདུ་བཅས་ཀྱི་རྣམ་པ་བརྒྱུད་དེ་བསམ་བློ་བརྗེ་རེས་བྱས་ཤིང་འབྲེལ་ཡོད་ལས་དོན་སྤེལ་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།
རྟོག་ཞིབ་ཚོགས་ཆུང་གིས་ནན་གྱིས་བསྟན་དོན། མི་རིགས་མཐུན་སྒྲིལ་ནི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་རྒྱུ་དེ་གཙོ་ཐིག་ཏུ་བཟུང་ནས་མི་རིགས་སྣ་ཚོགས་འདུས་སྡོད་ཆེ་སའི་ཁྱད་ཆོས་དང་དམ་དུ་འབྲེལ་བ། རྒྱུན་རྣམ་ཅན་གྱིས་ཁྲིམས་སྐྱོང་དྲིལ་སྒྲོག་གི་སློབ་གསོ་སྤེལ་བ་དང་། ཏང་གི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ནས་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་བྱང་ཚད་མཐོར་འདེགས་སུ་བཏང་པ་དང་། ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་གཅིག་བསྡུས་སྟོབས་ཤུགས་མཉམ་དུ་བསྒྲིལ་དགོས་པ་དང་། ཁྲིམས་ལྟར་མི་རིགས་ལས་དོན་བསྒྲུབ་རྒྱུ་རྒྱུན་འཁྱོངས་དང་། འགལ་ཟླ་དང་རྩོད་གཞི་ཐག་གཅོད་ཐད་ཤུགས་སྣོན་པ། ཁྲིམས་ལྟར་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ནས་སྤྱི་ཚོགས་འཆམ་མཐུན་དང་སྲུང་སྐྱོབ་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་གྱི་འགན་འཁྲི་ལེགས་པོར་སྒྲུབ་པ་དང་། ཁྲིམས་སྐྱོང་འཛུགས་སྐྱོང་གི་ལས་འགན་གཙོ་བོར་དམིགས་ནས་རྗེས་འདེད་ལྟ་སྐུལ་དང་མཛུབ་སྟོན། གནད་འཁེལ་འགན་སྒྲུབ་ལ་ཤུགས་སྣོན་པ། དམངས་ཆེན་འཐུས་མིའི་འབྲེལ་ཟམ་གྱི་ནུས་པར་བརྟེན་ནས་བྱ་བའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་སྐྲུན་གྲུབ་འབྲས་སྲ་བརྟན་ཏུ་བཏང་སྟེ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། །