ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གིས་མཚོ་སྔོན་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་ལ་ཁ་གཏད་ཀྱིས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམངས་གཙོའི་ལྟ་སྐུལ་བྱ་བའི་མགོ་ཚུགས་ཚོགས་འདུ་ཟི་ལིང་དུ་འཚོགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཟླ6པའི་ཚེས1ཉིན་ཀྲུང་གོ་གོ་མིན་ཏང་་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གིས་མཚོ་སྔོན་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་གཉིས་ལ་ཁ་གཏད་དེ་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམངས་གཙོའི་ལྟ་སྐུལ་ལས་དོན་སྤེལ་བའི་མགོ་ཚུགས་ཚོགས་འདུ་ཟི་ལིང་དུ་འཚོགས། རྒྱལ་ཡོངས་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲིན་ཅན་པང་གིས་གཏམ་བཤད་གནང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧི་པའོ་ཞང་གིས་ཚོགས་འདུར་མགོ་འཛིན་བྱས།

ཚོགས་འདུའི་ཐོག་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། སི་ཁྲོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མཱ་ཀྲིན་ཡུང་གཉིས་ཀྱིས་གཏམ་བཤད།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཞིང་ཆེན་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་ཚུལ་ཡར་ཞུ་བྱས།   ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ལི་ཧུའེ་ཏུང་གིས་དམངས་གཙོའི་ལྟ་སྐུལ་བྱ་བ་བཀོད་སྒྲིག་བྱས་ཚུལ་ངོ་སྤྲོད་བྱས། 

ཀྲིན་ཅན་པང་གིས་འདི་སྐད། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་བྱེད་བའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་དཔལ་ཡོན་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་ཚད་ཐོག་ནས་བཏོན་པའི་འཐབ་ཇུས་ཀྱི་ཐབས་ཇུས་གལ་ཆེན་ཞིག་རེད། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། རང་རྟོགས་ཀྱིས་ཀླད་པར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་ཁྲིད་སྟོན། བྱ་བར་སྐུལ་འདེད་གཏོང་བ་བཅས་ལ་བརྟེན་ནས་སྲིད་འབྲས་ཀྱི་ལྟ་བ་ཡང་དག་པ་དང་འགན་འཁྲི་ཆེན་པོས་བྱ་བ་སོ་སོ་ལེགས་པོར་བསྒྲུབ་དགོས། རེས་སྐོར་འདིའི་ཆེད་དོན་ལྟ་སྐུལ་ལས་དོན་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། ཞིང་ཆེན་གཉིས་པོས་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་རྒྱུགས་་ལེགས་པོ་ལེན་དགོས། ཁོང་གིས་འདི་སྐད། རེས་སྐོར་འདིའི་ཆེད་དོན་ལྟ་སྐུལ་ལས་དོན་ཡག་པོ་སྒྲུབ་པར་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་དམ་འཛིན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། དམངས་གཙོའི་ལྟ་སྐུལ་གྱི་ངོ་བོ་དང་ངེས་གནས་མཐའ་འཁྱོངས་བྱས་ཏེ། “ལྟ་སྐུལ་ནང་རྒྱབ་སྐྱོར་ཡོད་ལ། རྒྱབ་སྐྱོར་ཁྲོད་ལྟ་སྐུལ་ཡོད་པའི”་དོན་ཐོག་ནས་གྲོས་མོལ་རྣམ་པའི་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་བྱེད་དགོས། ལས་འགན་གཙོ་བོར་དམིགས་ཏེ་བྱ་བའི་ཕན་ནུས་ཆེ་རུ་གཏོང་དགོས། བྱ་བའི་ལམ་སྲོལ་སྣ་ཚོགས་བེད་སྤྱོད་ཡག་པོ་བྱེད་པ་དང་། “1119”བྱ་བའི་མ་ལག་ལེགས་སྒྲིག་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་རྨ་ཆུའི་འབབ་རྒྱུད་སྲུང་སྐྱོང་དང་འཕེལ་རྒྱས་ཐད་བསམ་ཕྱོགས་འཚོལ་ཞིང་། ཐབས་ཤེས་འདོན་པ། ཐབས་ཤེས་འཚོལ་བ་བཅས་སྔར་ལས་ལེགས་པོ་བསྒྲུབ་དགོས། དྲང་ཕྱོགས་ཀྱི་ཁྲིད་སྟོན་དྲིལ་བསྒྲགས་དང་འགྲེལ་བཤད་ལ་མཐོང་ཆེན་བྱས་ཏེ་དུས་རབས་གསར་པའི་ཏང་མང་མཉམ་ལས་ཀྱི་གཏམ་རྒྱུད་ཡག་པོ་བཤད་དགོས། དུས་དང་རྣམ་པ་ཀུན་ཏུ་སྤྱོད་ཚུལ་ནན་འཛིན་བྱས་ནས་ཆེད་དོན་ལྟ་སྐུལ་བྱ་བ་སྤྱོད་བཟང་དང་ཏན་ཏིག་ནུས་ལྡན་ཡོང་བར་འགན་སྲུང་ཏན་ཏིག་བྱེད་དགོས།

ཧི་པའོ་ཞང་གིས་འདི་སྐད། གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་རིམ་སོ་སོའི་རྩ་འཛུགས་དང་འབྲེལ་ཡོད་བློ་མཐུན་གྱིས་ཐེངས་འདིའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། དུས་ཐོག་ཏུ་བརྒྱུད་སྒྲོག་ལག་བསྟར་བྱས་ནས་བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་བསྡུས། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཏང་ཡོངས་ཀྱི་སྟོབས་ཤུགས་བཏོན་ནས་ཐེངས་འདིའི་དམངས་གཙོའི་ལྟ་སྐུལ་ལས་དོན་ལེགས་པར་བསྒྲུབ་དགོས། བྱ་བའི་འཆར་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། བྱ་བའི་གསོ་སྐྱོང་སྦྱོང་བརྡར་ཡག་པོ་བྱེད་པ། སྤུས་ཚད་མཐོ་བའི་བརྟག་དཔྱད་ཞིབ་འཇུག་བཅས་བྱ་དགོས། རྟོག་ཞིབ་ཚོ་ཆུང་སོ་སོས་ལྟ་སྐུལ་གྱི་ནང་དོན་གཙོ་བོར་ལ་དམ་པོར་དམིགས་ཏེ། ཁ་ཕྱོགས་ཡང་དག་ཅིང་བརྗོད་དོན་གནད་ལ་འཁེལ་བར་འགན་སྲུང་ཏན་ཏིག་བྱས་པ་དང་།  ཚན་རིག་དང་མཐུན་ཞིང་ལུགས་མཐུན་གྱི་སྒོ་ནས་རྟོག་ཞིབ་ཇུས་གཞི་བཀོད་སྒྲིག་བྱས་ཏེ། འཐབ་ཕྱོགས་དང་པོར་བསྐྱོད་དེ་དངོས་སུ་ཐོག་མའི་དཔྱད་གཞི་ཁོང་དུ་ཆུད་པ་མ་ཟད། དེང་རབས་ཀྱི་ཚན་རྩལ་བྱེད་ཐབས་དང་ཆ་འཕྲིན་བྱེད་ཐབས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ། རྟོག་ཞིབ་སྤུས་ནུས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ས་གནས་ཀྱི་མངོན་གསལ་དོད་པའི་གནད་དོན་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་ཞིབ་འཇུག་དང་དཔྱད་བསྡུར་གཏིང་ཟབ་བྱེད་པ་དང་། ལུགས་མཐུན་གྱི་གྲོས་འགོ་བཏོན་ཏེ། སྤུས་ཚད་མཐོ་བའི་ལྟ་སྐུལ་རྟོག་ཞིབ་སྙན་ཞུ་ཆགས་པར་བྱེད་དགོས། འབྲེལ་གཏུག་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུའི་བར་གྱི་འབྲེལ་གཏུག་མཉམ་ལས་དང་ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་ཡོད་ཚན་རིག་ཞིབ་འཇུག་ཁང་དང་སུའོ་དང་ཚན་རྩལ་ཁེ་ལས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་ལྟ་སྐུལ་གྱི་སྤུས་ནུས་ཇེ་མཐོར་གཏོང་དགོས། འབྲེལ་ཡོད་དམངས་གཙོའི་ཏང་ཤོག་ཀྲུང་དབྱང་དང་འབྲེལ་གཏུག་མཐུན་སྦྱོར་གྱི་བྱ་བ་ཡག་པོ་བསྒྲུབས་ནས་གཅིག་གྱུར་བཀོད་སྒྲིག་དང་། མཉམ་ལས་ལ་ཤུགས་སྣོན། ཐོན་ཁུངས་མཉམ་སྤྱོད། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་བྱས་ཏེ་ཏང་མང་མཉམ་ལས་ཀྱིས་རྨ་ཆུའི་འབབ་རྒྱུད་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཉམས་མྱོང་ཟམ་མི་ཆད་པར་གསོག་འཇོག་བྱེད་དགོས་པ་བསྟན།

ཝུའུ་ཞའོ་ཅུན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་གོ་མིན་ཏང་གསར་བརྗེ་ཀྲུང་དབྱང་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས། ཁོང་གིས་ཀྲུང་དབྱང་གིས་མཚོ་སྔོན་ལ་དམངས་གཙོའི་ལྟ་སྐུལ་ལས་དོན་སྤེལ་བ་དེས་མཚོ་སྔོན་གྱིས་རྨ་ཆུའི་རྒྱལ་ཁབ་ཀྱི་འཐབ་ཇུས་སྔར་ལས་ལེགས་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་རྩ་ཆེའི་གོ་སྐབས་མཁོ་འདོན་བྱས། ང་ཚོས་ཆེད་དམིགས་དམངས་གཙོའི་ལྟ་སྐུལ་ལ་གཞོགས་འདེགས་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ལ་བརྩིས་ནས། རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་། སྤྱོད་ཚུལ་ཏན་ཏིག་ལ་བརྟེན་ནས་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོའི་གཞོགས་འདེགས་འགན་ལེན་ཡག་པོ་བྱས་ཏེ་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཀྲུང་དབྱང་དང་བརྗོད་བྱང་གཅིག་མཚུངས་དང་ཁ་ཕྱོགས་གཅིག་མཚུངས་སུ་ཤུགས་རྒྱག་པ་མ་ཟད། ཐེངས་འདིའི་ཆེད་དོན་དམངས་གཙོའི་ལྟ་སྐུལ་གོ་སྐབས་སུ་བྱས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཆེན་པོ་དང་མཐུན་སྦྱོར་ཆེན་པོའི་རྣམ་པ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོ་སྔོན་གྱི་དྲིས་ལན་ཡག་པོ་བཏབ་ནས་རྨ་ཆུ་དེ་མཐོ་སྒང་གི་བུ་ཕྲུག་དང་རྨ་ཆུའི་རྒྱུད་ཀྱི་མི་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆུ་བོ་ཞིག་ཏུ་འགྱུར་དགོས་ཞེས་བསྟན།

ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ལིའུ་ཅཱ་ཆང་དང་། ཐེན་ཧུང་ཆི། ཝང་ཧུང་། ཧྥིན་ཀོང་། ཝུའུ་ཅིན། ཨོའུ་དབྱང་ཙི་ཧྭ། ཁྲིན་ཞིན་དབྱིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ་ཀྲང་ཞུའེ་ཆའོ། ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཅིན་ཀང་དང་། པད་གོ ལིའུ་ཐུང་ཏེ་སོགས་ཚོགས་འདུར་ཞུགས་ཡོད།

ཚོགས་འདུ་མ་འཚོགས་གོང་ལ་ཝུའུ་ཞའོ་ཅུན་དང་། ལུའོ་ཏུང་ཁྲོན། སི་ཁྲོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མཱ་ཀྲིན་ཡུང་བཅས་ཀྱིས་ཟི་ལིང་དུ་ཀྲིན་ཅན་པང་དང་ཧི་པའོ་ཞང་སོགས་དང་མཇལ་འཕྲད་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།