ཞིང་ཆེན་ཡོངས་ཀྱི་གཉིས་བཀུར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས28པ་འཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ6ཚེས2ཉིན། ཞིང་ཆེན་ཡོངས་ཀྱི་གཉིས་བཀུར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས28པ་ཟི་ལིང་དུ་འཚོགས། གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཉིས་བཀུར་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཡོངས་ཀྱི་གཉིས་བཀུར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས33པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ན་ནིང་གི་བྱ་བར་ཕྱོགས་སྡོམ་དང་ད་ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལུའི་ཆི་ཧྥན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པ་ཀའོ་ཀྲི་ཁྲའོ་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་སེམས་ཤུགས་གཅིག་སྒྲིལ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་ལ་དམ་པོར་དམིགས་པ། རྒྱུན་འཛིན་ཁྲོད་གསར་གཏོད་དང་སྲ་བརྟན་ཁྲོད་མཐོར་འདེགས་རྒྱུན་འཁྱོངས་བྱས་ནས། གཉིས་བཀུར་གྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཞིང་། གཉིས་བཀུར་གསར་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ། དམག་བཀུར་ཁྱིམ་སྐྱོང་གི་བྱེད་ཐབས་གནད་ལ་འཁེལ་བ་དང་། དམག་བཀུར་ཁྱིམ་སྐྱོང་གིས་དམག་མིའི་རང་མདངས་མངོན་པ་བཅས་བྱས་ཏེ། གཉིས་བཀུར་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

གྲོས་ཚོགས་སྟེང་ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན་ལ། དམག་འཛུགས་ཀྱི་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས། ཞིང་ཆེན་ཡོངས་ཀྱི་དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཉིས་བཀུར་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་གཉིས་བཀུར་བྱ་བའི་ཐད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ལངས་གནས་སྔར་ལས་མཐོན་པོ་དང་བྱ་ཐབས་སྔར་ལས་ཏན་ཏིག་ལ་བརྟེན་ནས་གཉིས་བཀུར་བྱ་བའི་ཕན་འབྲས་སྔར་ལས་ཆེ་བ་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་། དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་ཀྱི་དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། གཉིས་བཀུར་བྱ་བའི་ཁ་ཕྱོགས་ཡང་དག་དམ་འཛིན་ནན་མོ་བྱེད་པ། གཉིས་བཀུར་བྱ་བ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་དང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་སྤྱི་ཡོངས་ནང་བཞག་ནས་འཆར་འགོད་དང་སྐུལ་འདེད་གཏོང་བ། ཏང་ཨུས་འགོ་ཁྲིད་དང་། སྲིད་གཞུང་གིས་གཙོ་ཁྲིད། དམག་དཔུང་དང་ས་གནས་མཉམ་ལས། སྤྱི་ཚོགས་ཟབ་ཞུགས་བྱེད་པ་བཅས་ཀྱི་བྱ་བའི་རྣམ་པ་ཆགས་པར་བྱེད་དགོས། དམག་སྦྱོང་དང་དམག་གྲབས་ལ་དམིགས་པ་དང་། དམག་དཔུང་གི་དགོས་མཁོར་རང་འགུལ་ངང་སྦྲེལ་མཐུད་བྱེད་པ། དམག་མིའི་ཁྱིམ་མིའི་ལས་ཞུགས་དང་དམག་མིའི་བུ་ཕྲུག་སློབ་གྲྭར་ཞུགས་པ་སོགས་ཀྱི་གཟིགས་སྐྱོང་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ནུས་ཤུགས་ཡོད་རྒུས་དམག་མིར་རྒྱབ་སྐྱོར་བྱེད་པའི་འགན་ལེན་གྱི་ཕན་འབྲས་ཆེ་རུ་གཏོང་དགོས། དམག་དཔུང་དང་ས་གནས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། དམག་དཔུང་དང་ས་གནས་ཕྱོགས་གཉིས་ནས་མཉམ་དུ་ནུས་པ་འདོན་སྤེལ་དང་གཉིས་ཕན་མཉམ་རྒྱལ་བྱེད་པ། དམག་དཔུང་དང་ས་གནས་ཀྱི་ཐོན་ཁུངས་མཉམ་སྤྱོད་དང་དམག་དཔུང་དང་ས་གནས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བྱ་བའི་མཉམ་ཤུགས་ཆགས་པར་བྱེད་པ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ལས་འགན་ཁག་དོན་འཁྱོལ་བྱས་ཏེ་གཉིས་བཀུར་བྱ་བར་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས།

གྲོས་ཚོགས་སྟེང2025ལོའི་ཚུན་གྱི་ཞིང་ཆེན་ཡོངས་ཀྱི་གཉིས་བཀུར་བྱ་བའི་སྙན་ཞུར་ཉན་པ་དང་། མཚོ་སྔོན་ཞིང་ཆེན་གྱི<<དམག་བཀུར་གཟིགས་སྐྱོང་གཏན་འབེབས>>ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཁོངས་གཏོགས་ལས་ཁུངས་བཞི་ཡིས་གཉིས་བཀུར་བྱ་བ་སྤེལ་བའི་གནས་ཚུལ་སྐོར་ནས་འགན་སྒྲུབ་སྙན་ཞུ་ཕུལ།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།