ཐེམ་ཆེན་རྫོང་ནས་གསའ་རྒྱུ་བའི་བརྙན་ཕབ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ6པའི་ཚེས1ཉིན། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བཀོལ་སྤྱོད་དོ་དམ་ཅུས་ཐེམ་ཆེན་རྫོང་ཡན་ལག་དོ་དམ་ཅུས་ཀྱིས་ཕྱི་རོལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་དུ་བསྡུ་ཉར་བྱེད་པར་བཀོལ་བའི་དམར་ཕྱིའི་པར་ཆས་ཀྱིས་བླངས་པ་ལྟར་ན། ཟླ5བའི་ཚེས23ཉིན། ཐེམ་ཆེན་རྫོང་བྲག་ལུང་ཡུལ་ཁོངས་སུ་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གསའ་དང་། རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཝ་རྒྱུ་བའི་བརྙན་ཕབ་ཐུབ་པ་བྱུང་།

གནད་ཆེའི་ཡུལ་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཀྱི་གནས་བབ་གནད་དུ་ཁེལ་བར་ཁོང་དུ་ཆུད་པ་དང་། ཚན་ཞིབ་ལྟ་ཞིབ་རྨང་གཞི་ལེགས་འདིང་བྱེད་ཆེད། ཐེམ་ཆེན་རྫོང་ཡན་ལག་ཅུའུ་ཡིས་ཐེམ་ཆེན་རྫོང་བྲག་ལུང་ས་མཐོ་དང་། གྲང་ངར་ཆེ་བའི་རྩྭ་ཐང་འདྲེས་བའི་ཐུན་མིན་གྱི་འཚོ་གནས་ལ་གཞིགས་ཏེ། ཚན་རིག་སྒོས་ཕྱི་རོལ་དམར་ཕྱིའི་པར་ཆས་བཙུགས་ཤིང་། ཡུལ་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་གནས་ཚུལ་ལ་བར་ཆད་མེད་པ་དང་། རྒྱུན་རྣམ་ཅན་གྱི་ལྟ་ཞིབ། མ་ལག་གིས་རི་སྐྱེས་སྲོག་ཆགས་རིགས་ཁྱུའི་ཁྱབ་ཁོངས་ཟིན་འགོད། འགུལ་སྐྱོད་ཆོས་ཉིད་སོགས་ཀྱི་རྨང་གཞིའི་གཞི་གྲངས་ལེན་པ་སོགས་སྤེལ། ཐེངས་འདིའི་ལྟ་ཞིབ་ཚད་ལེན་བྱས་པའི་བརྙན་གྱི་རྒྱུ་ཆ་བརྙན་རིས་གསལ་ཞིང་། ཆ་འཕྲིན་འཐུས་ཚང་བ་ཞིག་ཡིན་པས། གསའ་དང་ཝ་དེ་ཐེམ་ཆེན་བྲག་ལུང་ཡུལ་ཁོངས་སུ་རང་བྱུང་གིས་འཚོ་བ་དང་། རང་དབང་གིས་རྒྱུ་བའི་རྣམ་པ་དངོས་སུ་ཟིན་འགོད་བྱས་པ་རེད། གསའ་ནི་མཐོ་སྒང་གི་ས་མཐོའི་སྐྱེ་ཁམས་མ་ལག་གི་ཁྱད་མཚོན་སྲོགས་ཆགས་ཤིག་ཡིན་པ་དང་། ཡུལ་ཁོངས་སྐྱེ་ཁམས་བདེ་ཐང་ཚད་གཞིའི་མཛུབ་སྟོན་གལ་ཆེན་གྱི་སྲོག་ཆགས་ཤིག་ཡིན་ལ། ཝ་ནི་མཐོ་སྒང་རྩྭ་ཐང་སྐྱེ་ཁམས་མ་ལག་གི་གནད་འགག་སྲོག་ཆགས་ཡིན་པས། སྐྱེ་ཁམས་སྙོམ་སྒྲིག་རྒྱུན་འཁྱོངས་དང་། རྩྭ་ཐང་གི་ཨ་བྲའི་གནོད་པ་འགོག་སྲུང་ལ་ནུས་པ་གལ་ཆེན་ཐོན་ཡོད། རི་སྐྱེས་སྲོག་ཆགས་གཉིས་དུས་མཉམ་དུ་འགུལ་སྐྱོད་བྱེད་པ་དེས། ཡུལ་ཁོངས་ཀྱི་འཚོ་གནས་ཁོར་ཡུག་ཕུལ་དུ་བྱུང་ཞིང་། གཟན་ཕྲེང་སྒྲིག་གཞི་ཆ་ཚང་བ། སྐྱེ་ཁམས་མ་ལག་གཏན་ཆགས་རང་བཞིན་མུ་མཐུད་དུ་མཐོར་འདེགས་བྱུང་བ་མཚོན་ཞིང་། རྒྱུན་ལྡན་ཅན་གྱི་དོ་དམ་སྲུང་སྐྱོབ་དང་། འཚོ་གནས་ལེགས་བཅོས། སྐོར་ཞིབ་ལྟ་རྟོག་བྱ་བའི་གྲུབ་འབྲས་བརྟན་པོ་བླངས་པའང་མངོན་པར་མཚོན་པ་རེད།

ཐེམ་ཆེན་རྫོང་དོ་དམ་ཡན་ལག་ཅུའུ་ཡིས་མུ་མཐུད་དུ་ལྟ་ཞིབ་ས་གནས་འཛུགས་པ་དང་། ལངས་རྣམ་ཅན་འཐུས་ཚང་དུ་གཏོང་བ། རི་སྐྱེས་སྲོག་ཆགས་ལྟ་ཞིབ་མ་ལག་རྒྱུན་རྣམ་ཅན་དུ་གཏོང་བ། རྨང་གཞིའི་ལྟ་ཞིབ་ཚད་གཞི་གྲངས་གསོག་འཇོག་བཅས་བྱས་ཏེ། ཡུལ་ཁོངས་རི་སྐྱེས་སྲོག་ཆགས་རིགས་ཁྱུའི་རྣམ་པ་དང་འཚོ་གནས་འགྱུར་ལྡོག་གནས་ཚུལ་གཏིང་ཟབ་མོར་ཞིབ་འཇུག་བརྡ་གཅོད་བྱ་རྒྱུ་རེད། དུས་མཉམ་དུ། མངའ་ཁོངས་སྐོར་ཞིབ་དོ་དམ་ཚོད་འཛིན་དང་། སྐྱེ་ཁམས་ལེགས་བཅོས་དང་ཚན་རིག་ཁྱབ་གདལ་ལེགས་ཁྲིད་ལ་ཤུགས་ཆེས་ཆེར་བསྣན་ནས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ལ་གཏོར་བརླག་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱ་རྒྱུ་རེད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།