ཟླ5པའི་ཚེས27ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་བདེ་སྲུང་རྒན་གསོའི་ཞབས་ཞུ་ལྟེ་གནས་སུ། མེ་འགོག་དྲིལ་སྒྲོག་མི་སྣས་ཡུལ་དངོས་སུ་མེ་གསོད་སྟངས་སྐོར་ཁྲིད་ནས། ལས་བྱེད་མི་སྣས་མེ་འགོག་སྒྲིག་ཆས་ངོས་འཛིན་དང་མེ་གསོད་སྒྲིག་ཆས་ལུགས་མཐུན་གྱིས་སྤྱོད་པ། འཕྲལ་བསྟུན་ཁ་འགྲེམ་བརྒྱུད་རིམ་སྦྱོང་བརྡར་བཅས་ལ་རིམ་པ་བཞིན་དུ་མཛུབ་སྟོན་བྱས། མིག་སྔའི་བར། མཚོ་སྔོན་གྱིས་རྒན་གསོའི་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་མེ་ཟོན་གྱི་གཞི་རྩའི་རྩལ་ནུས་དངོས་སྦྱོང་ཐེངས་དགུ་བཅུ་ལྷག་ལ་སྤེལ་བ་དང་། རྒན་གསོའི་ལས་ཁུངས་ཀྱི་ལས་ཞུགས་མི་སྣ་སྟོང་གཅིག་ལྷག་ལ་གསབ་སྦྱོང་བྱས་ནས། མི་རེ་རེ་གསབ་སྦྱོང་ལ་ཞུགས་པ་དང་མི་རེ་རེ་ཚད་གཞིར་ལོངས་པའི་བྱ་བའི་དམིགས་འབེན་བརྟན་པོའི་ངང་དངོས་འབེབས་བྱེད་བཞིན་ཡོད།
རྒྱུས་ལོན་པ་ལྟར་ན། དམངས་སྲིད་པུའུ་དང་རྒྱལ་ཁབ་མེ་འགོག་རྒུད་སྐྱོབ་ཅུས་ཀྱིས་མཉམ་འབྲེལ་བཀོད་སྒྲིག་བྱས་ཏེ། 2026ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་རྒན་གསོའི་ལས་ཁུངས་ཀྱི་ལས་ཞུགས་མི་སྣའི་མེ་འགོག་གི་གཞི་རྩའི་རྩལ་ནུས་དངོས་སྦྱོང་དེ་ཕྱོགས་ཡོངས་ལ་ཁེབས་པ་མངོན་འགྱུར་བྱེད་དགོས་པའི་བླང་བྱ་བཏོན། རང་ཞིང་གིས་དམངས་སྲིད་པུའུ་དང་རྒྱལ་ཁབ་མེ་འགོག་རྒུད་སྐྱོབ་ཅུས་ཀྱི་ཆེད་དམིགས་བཀོད་སྒྲིག་དང་ལེན་བྱས་ཏེ། རྒན་གསོའི་ལས་ཁུངས་ཀྱི་ལས་ཞུགས་མི་སྣའི་མེ་འགོག་གི་གཞི་རྩའི་རྩལ་ནུས་དངོས་སྦྱོང་བྱ་བར་ཏན་ཏིག་གིས་སྐུལ་འདེད་བཏང་བ་དང་། ཆེད་ལས་ཅན་དང་དངོས་འཐབ་ཅན་གྱི་མེ་འགོག་གསབ་སྦྱོང་ལ་བརྟེན་ནས་རྒན་གསོའི་ཞབས་ཞུའི་ཚེ་སྲོག་བདེ་འཇགས་འགོག་ཐིག་བརྟན་པོར་བསྐྲུན་ཞིང་། ནུས་ཤུགས་ཡོད་རྒུས་ཁུལ་ཁོངས་ཀྱི་རྒན་པའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ལྟ་སྲུང་བྱས། ཐེངས་འདིའི་དངོས་སྦྱོང་གསབ་སྦྱོང་གིས་སྲོལ་རྒྱུན་གྱི་སྣ་རྐྱང་ཅན་གྱི་གཞུང་ལུགས་སློབ་ཁྲིད་རྣམ་པ་རྩ་བ་ནས་དོར་ཏེ། དངོས་འཐབ་ཀྱི་བླང་བྱ་ལྟར་ལྟེ་བའི་རྩལ་ནུས་ཆེན་པོ་ལྔ་གཏན་འཁེལ་བྱས་པ་དང་། དེ་མེ་སྐྱོན་ཉེན་བརྡའི་སྙན་ཞུ་དང་མེ་གསོད་ཡོ་ཆས་བཀོལ་སྟངས། མེ་གསོད་ཡོ་ཆས་བེད་སྤྱོད། མེ་འགོག་རང་སྐྱོབ་ཀྱི་དབུགས་ལེན་ཆས་གོན་པ་དང་མི་སྣ་འཕྲལ་བསྟུན་གྱིས་ཁ་འགྲེམ་གཏོང་བ་སོགས་ལ་ཁྱབ་ཡོད་པ་དང་། ཟབ་ཞུགས་མི་སྣ་ཚང་མས་ཚོད་ལྟ་བྱེད་དགོས་ལ་ཡང་དང་བསྐྱར་དུ་སྦྱོང་བརྡར་བྱས་ནས། རེ་རེ་བཞིན་ཚད་གཞིར་ལོངས་དགོས་པའི་བླང་བྱ་བཏོན། ས་གནས་སོ་སོའི་མེ་འགོག་རྒུད་སྐྱོབ་སྡེ་ཁག་གིས་ལས་སྒོའི་རྐང་འཛིན་མི་སྣ་མངགས་ནས་སློབ་ཁྲིད་བྱེད་དུ་བཅུག་པ་དང་། རྒན་གསོའི་ལས་ཁུངས་ཀྱི་གནས་ཡུལ་དང་མེ་འགོག་ཤེས་བྱ་ཁྱབ་གདལ་གཏོང་བའི་སློབ་གསོའི་རྟེན་གཞི་སོགས་ལ་བརྟེན་ནས། རྒྱུན་རྣམ་ཅན་གྱི་དངོས་སྦྱོང་སྤེལ།
དངོས་སྦྱོང་གསབ་ཁྲིད་དེ་ལས་ཞུགས་མི་སྣ་ཡོངས་ལ་ཁེབས་པ་མངོན་འགྱུར་དང་། གཙོ་བོ་ལས་ཁུངས་ཀྱི་འགན་འཁུར་མི་སྣ་དང་ལག་རྩལ་ཞིག་གསོ་ལས་མི། སྨན་བཅོས་མི་སྣ། རྒྱབ་ཕྱོགས་བདེ་སྲུང་མི་སྣ་སོགས་ལས་གནས་རིགས་ལྔ་ལ་ཁེབས་པར་བྱས་ཏེ། མེ་འགོག་བདེ་འཇགས་གསབ་སྦྱོང་གི་ལས་གནས་ཡོངས་དང་མུ་ཕྲེང་ཧྲིལ་བོ་གེགས་མེད་ཡོང་བར་བྱས། དངོས་སྦྱོང་གསབ་ཁྲིད་ཀྱིས་སྐུལ་སློང་བཀོད་སྒྲིག་དང་དངོས་སྦྱོང་གསབ་སྦྱོང་། ལག་རྩལ་ཚད་ལེན་བཅས་རིམ་པ་གསུམ་ལ་གཞིགས་ནས་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་ཚད་གཞི་ལྟར་རྒྱུགས་བཤེར་ནན་མོ་བྱས་ལ། ཚད་གཞི་ལོངས་མེད་པའི་ལས་མི་བསྐྱར་དུ་རྒྱུགས་བཤེར་ལ་ཞུགས་པའི་རྐྱེན་སྲོལ་ལག་བསྟར་བྱས་ཤིང་། ཕྱི་ཚུལ་ཙམ་དང་ཚད་གཞི་ཇེ་དམར་གཏོང་བ་མཐའ་གཅིག་ཏུ་བཀག་འགོག་བྱས། དངོས་སྦྱོང་གསབ་སྦྱོང་བརྒྱུད་དེ་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ལེགས་བཅོས་བྱས་པ་དང་། ཡུལ་དངོས་སུ་མེ་འགོག་སྒྲིག་ཆས་བཀོལ་མི་ཐུབ་པ་དང་། མེ་དང་གློག་བཀོལ་བའི་མི་མངོན་པའི་རྐྱེན་ངན་སོགས་ཀྱི་གནད་དོན་གྲལ་བཤེར་བྱས་ཏེ། ལས་ཁུངས་ཀྱིས་མྱུར་དུ་ལག་བསྟར་བཅོས་སྒྱུར་དང་རིམ་པ་བཞིན་མེད་པར་གཏོང་བར་ལྟ་སྐུལ་བྱས་ལ། གསབ་སྦྱོང་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། གསབ་སྦྱོང་དང་བཅོས་སྒྱུར་ཟུང་འབྲེལ་བྱེད་པ་མངོན་འགྱུར་བྱུང་།