ཟླ5བའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས2025ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་བརྡ་ཁྱབ་ཚོགས་འདུ་བསྡུས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ཏང་ཙུའུ་ཁོངས་མི། ཐིང་ཀྲང་གཞོན་པ་ལོས་པིན་གྱིས་སྨྱན་བྱད་བརྒྱུད་ནས2025ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་གནས་ཚུལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་འགངས་ཆེན་གྱི་གྲུབ་འབྲས་ཁྱབ་སྒྲོག་བྱས།
འདས་པའི་ལོ་གཅིག་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཆུ་ཚད་མཐོ་བའི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བྱས་ཏེ། མུ་མཐུད་དུ་སྦག་བཙོག་འགོག་བཅོས་མཁྲེགས་གཏོར་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྟ་རྟོག་གནས་ཚུལ་ལེགས་བཅོས་བྱེད་པ་ལག་བསྟར་ནན་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་བཅོས་དང་། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་འཛིང་རགས་ནུས་པ་མུ་མཐུད་དུ་སྲ་བརྟན་དུ་བཏང་སྟེ། མཐོ་སྒང་ལྗང་མདོག་གི་རྒྱུན་མཐུད་འཕེལ་རྒྱས་ལ་བརྟན་བརླིང་གི་སྐྱེ་ཁམས་འགན་སྲུང་མཁོ་འདོན་བྱས་ཡོད།
ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱེད་པའི་འགན་འཁྲི་འགངས་ཆེན་ལ་རྐང་བཙུགས་ཏེ། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་འགན་ཁུར་ལག་བསྟར་ནན་མོ་བྱས་ཤིང་། ཁོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བརྟན་ཁྲོད་ཡར་རྒྱས་བྱུང་སྟེ། ཆུ་མོ་དྭངས་ཤིང་མཁའ་དབུགས་གཙང་བ། ས་གཞི་རྡུལ་དག་ཞིང་། སྐྱེ་ཁམས་གཏན་ཆགས་ངང་ལེགས་འགྱུར་གྱི་ཚུལ་མངོན་པ་དང་། རིགས་སོ་སོའི་མང་ཚོགས་རྣམས་ལ་སྐྱེ་ཁམས་ཁོར་ཡུག་གི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་ཕྱིན།
ཆུའི་ཁོར་ཡུག་གི་སྤུས་ཚད་བཟང་པོ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུ་རྒྱལ་ཞིབ་བཅད་ངོས་ཀྱི་ཆུའི་སྤུས་ཚད་བཟང་པོའི་བསྡུར་ཚད100%ལ་སླེབས། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཞིང་ཆེན་བརྒལ་བའི་བཅད་ངོས་ཆུ་སྤུས་རིགསⅡདང་དེའི་ཡན་གཏན་ཆགས་རྒྱུན་འཁྱོངས་བྱས་ཤིང་། ཆུ་ནག་ཁོངས་ཡུལ་གྱི་ཆུ་སྤུས་རིགསⅠཡི་ཚད་ལྡན་དུ་སླེབས་ཡོད་ལ། ཙོང་ཆུ་བཞུར་ཡུལ་གྱི་རྒྱལ་ཁབ་དང་ཞིང་ཆེན་ལྟ་ཞིབ་བཅད་ངོས་དང་། མཚོ་སྔོན་པོའི་ཆུ་ལག་གཙོ་བོའི་ཆུ་སྤུས་ཡོད་ཚད་རིགསⅢདང་དེའི་ཡན་དུ་སླེབས་ཡོད་ཅིང་། མཚེའུ་ཡི་ཆུ་སྤུས་རང་བྱུང་གི་རྣམ་པ་སྲུང་འཛིན་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པ་དང་གྲོང་རྡལ་གཅིག་བསྡུས་ཅན51གིས་བཀོལ་བཞིན་པའི་འཚོ་བའི་བཏུང་ཆུའི་ཆུ་མགོའི་ཆུ་སྤུས་ཡི་གཏན་ཆགས་རང་བཞིན་རྒྱུན་འཁྱོངས་བྱས་ཡོད།
ཁོར་ཡུག་མཁའ་དབུགས་སྤུས་ཚད་མུ་མཐུད་དུ་ལེགས་བཅོས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་མཁའ་དབུགས་བཟང་པོའི་ཉིན་གྲངས་བསྡུར་ཚད97.9%ལ་སླེབས་ཤིང་། རླུང་ཁམས་ཆེན་མོའི་སྦག་དངོས་ཀྱི་སྟུག་ཚད་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ཚད་ལྡན་དུ་སླེབས་ཡོད་ལ། ལོ་ཧྲིལ་བོར་སྐྱུར་ཅན་ཆར་བ་མ་བབས་ཤིང་། མཁའ་དབུགས་ཀྱི་སྤུས་ཚད་བཟང་པོའི་ཆུ་ཚད་དུ་རྒྱུན་འཁྱོངས་བྱས་ཡོད།
དེ་དང་མཉམ་དུ། ཞིང་ཆེན་ཡོངས་ཀྱི་ས་གཤིས་དང་། ས་འོག་ཆུའི་ཁོར་ཡུག་གི་སྤྱིའི་དག་གཙང་དེ་རྒྱུན་ལྡན་ཡིན་ཞིང་། ཞིང་བཀོལ་ས་ཆ་དང་གནད་ཆེའི་འཛུགས་སྐྲུན་བཀོལ་སྤྱོད་ས་ཆའི་ཁོར་ཡུག་གི་ཉེན་ཁ་ནུས་ལྡན་ངང་ཚོད་འཛིན་ཐུབ་ཡོད། གྲོང་ཁྱེར་གྱི་སྒྲའི་ཁོར་ཡུག་སྤུས་ཚད་བརྟན་པོར་མཐོར་འདེགས་བྱུང་ཡོད་ལ། ཉིན་མཚན་གྱི་འཛེར་སྒྲའི་ཚད་ལྡན་ཅན་དེ་སྔོན་དང་བསྡུར་ན་མངོན་གསལ་ཇེ་མཐོར་སོང་ཡོད་པ་དང་། མི་སྡོད་སའི་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱུང་ཡོད། ཞིང་ཆེན་ཡོངས་ཀྱི་འགྱེད་འཕྲོའི་ཁོར་ཡུག་སྤྱིའི་ཆ་ནས་བདེ་འཇགས་སུ་ཚོད་འཛིན་བྱས་ཡོད་ལ། རྣམ་གྲངས་སོ་སོ་རྒྱལ་ཁབ་ཀྱི་ཚད་བཀག་གྲངས་ཀྱི་རེ་བ་དང་མཐུན་པ་རེད།
གཙང་གསུམ་འབྱུང་ཡུལ་དང་། མདོ་ལ་རི་བོ། མཚོ་སྔོན་པོ་སོགས་གནད་ཆེའི་སྐྱེ་ཁམས་ཁོར་ཡུག་ཡུལ་ཁོངས་ཀྱི་སྐྱེ་ཁམས་གནས་བབ་མུ་མཐུད་དུ་གཏན་ཆགས་བྱུང་ཡོད་ལ། སྐྱེ་ཁམས་མ་ལག་སྤུས་ཚད་རྒྱུན་ཆད་མེད་པར་ཡར་རྒྱས་སུ་ཕྱིན་ཡོད། ཞིང་ཆེན་ཡོངས་སུ་སྦག་དངོས་འཕྲིན་འཐེན་ལས་གཞི144ལག་བསྟར་བྱས་ཤིང་། ལོ་འཁོར་གྱི་སྦག་དངོས་འཕྲི་འཐེན་འོས་འགན་བདེ་བླག་ངང་ལེགས་འགྲུབ་བྱས་ཡོད། རྒྱུན་རྣམ་ཅན་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་ལེགས་བཅོས་ལ་སྐུལ་འདེད་བཏང་བ་དང་། བཅོས་སྐྱོང་གི་ཞན་ཆའི་མཚམས་དེ་གསབ་བཅོས་བྱས་པ་བརྒྱུད། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དེ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གྱུར།
ད་ལྟ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་རྨང་གཞི་སྔར་ལས་གསར་ལྷང་ངེར་གྱུར་ཡོད་ལ། སྐྱེ་ཁམས་བཅོས་སྐྱོང་གྲུབ་འབྲས་ཟམ་མི་ཆད་པར་མངོན་གསལ་དུ་གྱུར་ཡོད། མཚོ་སྔོན་གྱིས་ནམ་ཡང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ནས། རྒྱུན་ཆད་མེད་པར་རྒྱལ་ཁབ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་འཛིང་རགས་སྲ་བརྟན་དུ་བཏང་པ་དང་། ཏན་ཏིག་གིས་སྐྱེ་ཁམས་སྲུང་སྐྱོབ་ལག་ལེན་བྱས་ཏེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་རྒྱུ་རེད།