《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རྒྱང་ལྟའི་རང་བཞིན་གྱིས་མ་འོངས་པའི་ཐོན་ལས་བཀོད་སྒྲིག་དང་འཕེལ་རྒྱས་གཏོང་དགོས》ཞེས་པ་སྤེལ།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

ཟླ6ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས11པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རྒྱང་ལྟའི་རང་བཞིན་གྱིས་མ་འོངས་པའི་ཐོན་ལས་བཀོད་སྒྲིག་དང་འཕེལ་རྒྱས་གཏོང་དགོས》ཞེས་པ་སྤེལ།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། མ་འོངས་པའི་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་དེ་ང་ཚོས་ཚན་རྩལ་དང་ཐོན་ལས་ཀྱི་མཐོ་གནོན་བཙན་ས་མྱུར་འཛིན་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་དམ་འཛིན། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།  ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གིས་མ་འོངས་པའི་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ནས་འཐབ་ཇུས་ཇུས་འགོད་ལ་ཤུགས་སྣོན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ་མ་འོངས་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྣམ་པ་བཟང་པོ་མངོན་ཡོད། འཐབ་ལམ་གསར་པའི་སྟེང་།  ང་ཚོ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་དུ་ལངས་ནས་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ལ་གཞི་ཚུགས་དགོས་ཤིང་། བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་བྱེད་དགོས་ལ། བརྟན་ཐོག་ཡར་འཕེལ་དང་སྐས་རིམ་གསོ་སྐྱོང་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་རང་རྒྱལ་གྱི་མ་འོངས་པའི་ཐོན་ལས་འཕེལ་རྒྱས་ཐད་ཐོད་བརྒལ་གསར་པ་འབྱུང་རྒྱུར་སྐུལ་འདེད་གཏོང་དགོས།

རྩོམ་ཡིག་ལས་བསྟན་དོན།   གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་དགོས།   མ་འོངས་པའི་ཐོན་ལས་ལ་རྒྱང་ལྟའི་རང་བཞིན་དང་འཐབ་ཇུས་རང་བཞིན།   རྩ་སློག་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་པས།  ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་དང་ཕྱོགས་ཡོངས་ལ་གཅིག་གྱུར་འཆར་འགོད་བྱེད་དགོས།   འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་རྒྱུས་ལོན་ཡང་དག་བྱས་ཏེ་ཚད་རྡུལ་ཚན་རྩལ་དང་སྐྱེ་དངོས་བཟོ་སྐྲུན་སོགས་ཁྱབ་ཁོངས་སུ་སྟོབས་ཤུགས་གཅིག་བསྡུས་དང་གནད་འཁེལ་ཇུས་བསྟར་བྱེད་དགོས།  ཚན་རིག་དང་མཐུན་པའི་སྒོ་ནས་རིགས་སྒྲུབ་བྱས་ཏེ་རྩེར་སོན་ལག་རྩལ་གྱི་འཐབ་ཇུས་བརྡར་གཅོད་ནུས་པ་ཇེ་ཆེར་གཏོང་དགོས།   འཕེལ་རྒྱས་གཏོང་སྟངས་ལ་རྒྱུས་ལོན་བྱས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་ལག་རྩལ་ཆུ་ཚད།   རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་ཆ་རྐྱེན་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བཏང་ནས་ཡུལ་བབ་དང་བསྟུན་ཞིང་ཐབས་སྒྱུར་གོང་འཕེལ་གཏོང་དགོས།  ཐོན་ལས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་མཉམ་འགུལ་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་མ་འོངས་པའི་ཐོན་ལས་དེ་གསར་དར་ཐོན་ལས་དང་སྲོལ་རྒྱུན་ཐོན་ལས་དང་ཕན་ཚུན་སྤེལ་རེས་ཡོང་བར་སྐུལ་འདེད་གཏོང་དགོས།

རྩོམ་ཡིག་ལས་བསྟན་དོན།  ཚན་རྩལ་གསར་གཏོད་ཁྲིད་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས།   ཚན་རྩལ་ཐོད་བརྒལ་བྱེད་ཚད་དེས་ཚད་ངེས་ཅན་ཞིག་གི་ཐོག་ནས་མ་འོངས་པའི་ཐོན་ལས་ཀྱི་འཕེལ་རྒྱས་མྱུར་ཚད་དང་རྒྱ་ཆེ་ཆུང་།  གཏིང་ཟབ་ཚད་བཅས་ཐག་གཅོད་བཞིན་ཡོད་པས།    རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་།  ཚན་རྩལ་ལ་བརྟེན་ནས་ཐོན་ལས་ཀྱི་གནད་དོན་ཐག་གཅོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཚན་རྩལ་འདེགས་སྐྱོར་གྱི་ཁྲིད་སྟོན་ནུས་པ་ཤུགས་ཆེན་པོས་ཇེ་ཆེར་གཏོང་དགོས།   ཁྱབ་ཁོངས་གཙོ་བོའི་གནད་འགག་ལག་རྩལ་གྱི་མཁྲེགས་གཏོར་ཤུགས་ཚད་ཆེ་རུ་གཏོང་བ་དང་།   རྨང་གཞིའི་ཞིབ་འཇུག་གི་འཐབ་ཇུས་རང་བཞིན་དང་རྒྱང་ལྟའི་རང་བཞིན།   མ་ལག་རང་བཞིན་བཅས་ཀྱི་བཀོད་སྒྲིག་ལ་ཤུགས་བསྣན་ནས་ཚན་རྩལ་གྲུབ་འབྲས་ཀྱི་ཚུལ་སྒྱུར་བེད་སྤྱོད་ཇེ་མགྱོགས་སུ་གཏོང་དགོས།

རྩོམ་ཡིག་ལས་བསྟན་དོན།  ཁེ་ལས་ཀྱི་གཙོ་གཞིའི་བྱེད་ནུས་འདོན་སྤེལ་བྱེད་དགོས།  ཁེ་ལས་ནི་གསར་གཏོད་ཀྱི་གཙོ་གཞི་ཡིན་ཞིང་། མ་འོངས་པའི་ཐོན་ལས་མང་པོ་ཞིག་གི་འཕེལ་རྒྱས་དེ་ཁེ་ལས་ལ་བརྟེན་ནས་རེ་རེ་བཞིན་ཐོད་བརྒལ་འབྱུང་བར་སྐུལ་ཁྲིད་བྱེད་དགོས།  གསར་གཏོད་ཐོན་ཁུངས་སྣ་ཚོགས་ཁེ་ལས་ཀྱི་ཕྱོགས་སུ་གཅིག་བསྡུས་བྱེད་པར་སྐུལ་འདེད་བཏང་ནས་ལག་རྩལ་སྔོན་ཐོན་ཡིན་པ་དང་གསར་གཏོད་ཀྱི་ནུས་པ་ཆེ་བའི་ཚན་རྩལ་སྣེ་ཁྲིད་ཁེ་ལས་དང་མཐོ་གསར་ལག་རྩལ་ཁེ་ལས་ཤུགས་ཆེན་པོས་གསོ་སྐྱོང་བྱེད་དགོས།  ཀྲུང་དབྱང་ཁེ་ལས་ཀྱིས་ལས་རིགས་གཙོ་བོ་དང་ཟུང་འབྲེལ་གྱིས་མ་འོངས་པའི་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ་འགྲན་རྩོད་ནུས་ཤུགས་གཙོ་བོ་ཇེ་ཆེར་གཏོང་དགོས།   སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་སོགས་གསོ་སྐྱོང་བྱེད་དགོས།

རྩོམ་ཡིག་ལས་བསྟན་དོན།    སྲིད་ཇུས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས།   མ་འོངས་པའི་ཐོན་ལས་གསོ་སྐྱོང་གི་འཁོར་ཡུན་རིང་བ་དང་ཁྲོམ་རའི་ཉེན་ཁ་ཆེ་བས།  སྲིད་ཇུས་ཐད་ནས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་པ་དང་སྲིད་གཞུང་གིས་ཞབས་འདེགས་བཟང་བོ་ཞུ་དགོས།  ནོར་ཁྲལ་སོགས་སྲིད་ཇུས་འཐུང་ཚང་དུ་བཏང་ནས་ཚན་རྩལ་དངུལ་རྩ་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་དགོས་པ་དང་།   སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པ་སོགས་སྲིད་ཇུས་ལེགས་སྒྱུར་བྱེད་དགོས།  ཕྱོགས་ཡོངས་ནས་འཇོན་མི་གསོ་སྐྱོང་དང་ནང་འདྲེན། བཀོལ་སྤྱོད་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས།  སྤྱི་ཚོགས་ཡོངས་སུ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་ཏེ་འཇོན་མིས་གསར་གཏོད་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་གང་ལེགས་སྒོས་བསྐྱེད་དགོས།

རྩོམ་ཡིག་ལས་བསྟན་དོན།   བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས།  མ་འོངས་པའི་ཐོན་ལས་འཕེལ་རྒྱས་ཀྱི་ཁྱབ་རྒྱ་ཆེ་བས།  ངེས་པར་དུ་མཐུན་སྦྱོར་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ།   ཚན་རིག་དང་མཐུན་ཞིང་བྱེད་ནུས་ལྡན་པའི་ལྟ་སྐུལ་དོ་དམ་བྱེད་ཐབས་འཚོལ་ཞིབ་བྱེད་པ།   ལག་རྩལ་ལྟ་ཞིབ་ཚད་ལེན་དང་ཉེན་ཁའི་སྔོན་བརྡ། འཕྲལ་བསྟུན་དང་ལེན་གྱི་མ་ལག་བསྐྲུན་ནས་འཕེལ་རྒྱས་གང་ལེགས་གཏོང་བ་དང་དོ་དམ་བཟང་བོ་བྱེད་ཐུབ་པར་འགན་སྲུང་བྱེད་དགོས།  རྒྱུན་ཆད་མེད་པར་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་ཕྱོགས་སོ་སོས་ཚད་གཞི་མཉམ་སྐྲུན་དང་སྒྲིག་སྲོལ་མཉམ་གྲོས།  ཐོན་ལས་མཉམ་སྐུལ་བྱེད་པར་སྐུལ་འདེད་ནན་མོ་གཏོང་དགོས།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། མ་འོངས་པའི་ཐོན་ལས་ཀྱི་ལག་རྩལ་བརྗེ་སྒྱུར་མགྱོགས་ཤིང་། ཤུགས་རྐྱེན་རྒྱུ་རྐྱེན་མང་ལ། ཇུས་ཐག་གཅོད་པའི་ཉེན་ཁ་ཆེ་བས།ང་ཚོའི་འགོ་ཁྲིད་ནུས་པ་དང་བཅོས་སྐྱོང་ཆུ་ཚད་ལ་སྔར་ལས་མཐོ་བའི་བླང་བྱ་བཏོན་ཡོད། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཚན་རྩལ་མདུན་གྲལ་གྱི་ཤེས་བྱ་སློབ་སྦྱོང་བྱེད་པར་ཤུགས་སྣོན་པ་དང་།  ཆེད་ལས་ཅན་གྱི་ནུས་པ་ཆེ་རུ་བཏང་ནས། ཚན་རྩལ་ཤེས་པ་དང་ཐོན་ལས་ལ་རྒྱུས་མངའ་ཡོད་པ། ཇུས་ཐག་གཅོད་མཁས་པར་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།