གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ནས་ཤེས་བྱ་དང་འཇོན་ཐང་ཆེ་རུ་སྐྱེད་པ་དང་འཐབ་ལམ་གསར་པའི་སྟེང་ལོ་རྒྱུས་ཀྱི་མཐུད་རྒྱུག་འགྲན་བསྡུར་ཡག་པོ་བྱེད་དགོས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ན་ཆུང་བྱིས་པ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་འབྱུང་འགྱུར་གྱི་སྟོབས་ཤུགས་གསར་པ་ཡིན། རྒྱལ་སྤྱིའི“དྲུག་གཅིག”བྱིས་པའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོའི་རྗེས་དྲན་ཁང་དང་ནན་ཧུའུ་གསར་བརྗེའི་རྗེས་དྲན་ཁང་ན་ཆུང་གདོང་ལེན་རུ་ཁག་གི་སྐེ་དཀྲིས་དམར་པོའི་འགྲེལ་བཤད་པར་འཕྲིན་ལན་སྤྲིངས་ནས། ཁོ་ཚོས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ་ཤེས་བྱ་དང་འཇོན་ཐང་ཆེ་རུ་སྐྱེད་པ་དང་། འཐབ་ལམ་གསར་པའི་སྟེང་ལོ་རྒྱུས་ཀྱི་མཐུད་རྒྱུག་འགྲན་བསྡུར་ཡག་པོ་བྱེད་རྒྱུའི་སྐུལ་ལྕག་གནང་བ་མ་ཟད། ཁོ་ཚོ་དང་རྒྱལ་ཡོངས་ཀྱི་ན་ཆུང་བྱིས་པས་དུས་ཆེན་སྐྱིད་པོ་ཞིག་རོལ་བའི་སྨོན་འདུན་ཞུས། སྤྱི་ཁྱབ་ཧྲུའུ་ཅིའི་མཛའ་བརྩེའི་འཚམས་འདྲི་དང་ཐུགས་རེ་ཟབ་མོས་རྒྱ་ཆེའི་ན་ཆུང་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་། ཕུགས་འདུན་ཡོད་པའི་འཇོན་མི་ཞིག་བྱེད་པ། ཏང་གཅེས་རྒྱལ་གཅེས་དང་བརྩོན་པ་ཆེ་ཞིང་སློབ་སྦྱོང་ལ་དགའ་བ། ཕྱོགས་ཡོངས་འཕེལ་རྒྱས་ཀྱི་དུས་རབས་གསར་པའི་ན་ཆུང་བྱིས་པ་བཟང་བོ་ཞིག་བྱེད་རྒྱུའི་སྐུལ་མ་བཏང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་རྒྱུར། ཁྱེད་ཚོས་ཀྲུང་གུང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོའི་ཚོགས་གནས་དང་ནན་ཧུའུ་གྲུ་དམར་གྱི་འགྲམ་དུ་སྟོབས་ཤུགས་ཡོད་རྒུས་ཏང་གི་ལོ་རྒྱུས་དང་གསར་བརྗེའི་གཏམ་རྒྱུད། དཔའ་བོའི་བྱས་རྗེས་བཤད་དེ། ཏང་གཅེས་རྒྱལ་གཅེས་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ཇེ་ཟབ་ཏུ་བཏང་ཡོད་པ་དང་། སྦྱོང་བརྡར་དང་འཚར་ལོངས་བྱུང་བས་ང་རང་ཧ་ཅང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། དེས་ན་ཆུང་གདོང་ལེན་རུ་ཁག་གི་སྐེ་དཀྲིས་དམར་པོའི་འགྲེལ་བཤད་པ་རྣམས་ལ་སྐུལ་མ་ཆེན་མོ་ཐེབས།

ཀྲུང་གུང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོའི་རྗེས་དྲན་ཁང་གི་སྐེ་དཀྲིས་དམར་པོའི་འགྲེལ་བཤད་པ་ཝང་ཡ་ཆིང་གིས་བཤད་རྒྱུར།ཨ་མྱེས་ཞི་ལགས་ཀྱི་འཕྲིན་ལན་ནི་ང་ཚོར་འབྱོར་བའི་ཆེས་རྩ་ཆེ་བའི་དྲུག་གཅིག་དུས་ཆེན་གྱི་ལེགས་སྐྱེས་ཤིག་ཡིན་ལ། ང་ཚོར་སྐུལ་མ་ཆེན་པོ་ཐེབས་སོང་།  ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བའི་ལོ་ཡིན། ཨ་མྱེས་ཞི་ལགས་ཐུགས་སེམས་བདེ་མོ་བྱས་ཆོག ང་ཚོས་ཏང་ལ་བཅངས་པའི་དགའ་ཞེན་དང་གསར་བརྗེའི་སྔོན་བྱོན་པ་རྣམས་ལ་བཅངས་པའི་བླ་མེད་ཀྱི་གུས་འདུད་དེ་བྱ་སྤྱོད་དངོས་སུ་བསྒྱུར་ནས། མུ་མཐུད་དུ་གསར་བརྗེའི་གཏམ་རྒྱུད་ཡག་པོ་བཤད་པ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ། ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ། ལས་བརྩོན་སློབ་དགའ་དང་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་དུས་རབས་གསར་པའི་ན་ཆུང་བྱིས་པ་བཟང་པོ་ཞིག་བྱེད་རྒྱུ་ཡིན་ཟེར།

ནན་ཧུའུ་གསར་བརྗེའི་རྗེས་དྲན་ཁང་གི་སྐེ་དཀྲིས་དམར་པོའི་འགྲེལ་བཤད་པ་ཡན་ཅ་ཁྲེང་གིས་བཤད་རྒྱུར། ཨ་མྱེས་ཞི་ལགས་ཀྱི་འཕྲིན་ལན་འབྱོར་རྗེས། ང་དང་ངའི་གྲོགས་པོ་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། ང་ཚོའི་ཕྲག་ཏུ་བབས་པའི་འགན་འཁྲི་ཡང་གསལ་པོར་ཤེས་ཡོད། རྗེས་ཕྱོགས་ངས་ཏང་གི་ལོ་རྒྱུས་སྔར་ལས་སློབ་སྦྱོང་ནན་མོ་བྱེད་པ་དང་འགྲེལ་བཤད་རྒྱག་སྟངས་ལ་སྔར་ལས་སྦྱོང་བརྡར་ནན་མོ་བྱས་ནས། གྲུ་དམར་གྱི་གཏམ་རྒྱུད་སྔར་ལས་བཟང་བོ་དང་སྔར་ལས་གསོན་ཉམས་ལྡན་པར་བཤད་པ་དང་། གྲུ་དམར་གྱི་སྙིང་སྟོབས་དེ་ཉན་མཁན་ཚང་མའི་སེམས་སུ་འཇགས་པར་བྱེད་པ་དང་མི་མང་པོར་བརྒྱུད་སྒྲོག་བྱེད་རྒྱུ་ཡིན་ཟེར། 

“རུ་དར་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲངས་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་། ཤེས་ཡོན་དང་འཇོན་ཐང་ཆེ་རུ་སྐྱེད་པ། སྙིང་སྟོབས་དང་གཤིས་རྒྱུད་སྦྱོང་བརྡར་བྱས་ནས། ཏང་དང་མི་དམངས་ཀྱི་རྒྱུན་འཛིན་པ་བྱེད་དགོས་པ་དང་། འཐབ་ལམ་གསར་པའི་སྟེང་ལོ་རྒྱུས་ཀྱི་མཐུད་རྒྱུག་འགྲན་བསྡུར་ཡག་པོ་བྱེད་དགོས། ”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་སྐུལ་ཚིག་གིས་རྒྱ་ཆེའི་ན་ཆུང་བྱིས་པ་རྣམས་ཀྱིས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ་ཤུགས་མཐུད་འབད་འཐབ་ཀྱིས་འཚར་ལོངས་འབྱུང་བར་སྐུལ་མ་བཏང་ཡོད།

ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་ཡོའེ་ཞིའུ་ཆུས་ཝུན་ཏེ་ལམ་སློབ་ཆུང་གི་ན་ཆུང་གདོང་ལེན་རུ་མི་ཧོ་མིན་ཆན་གྱིས་བཤད་རྒྱུར། ན་ཆུང་གདོང་ལེན་རུ་མི་ཞིག་ཡིན་པའི་ཆ་ནས། ངས་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཨ་མྱེས་ཞི་ཅིན་ཕིང་གི་སློབ་སྟོན་ལག་ལེན་བྱས་ཏེ་ཤེས་ཡོན་སློབ་སྦྱོང་དང་འཇོན་ཐང་སྦྱོང་བརྡར།  སྙིང་སྟོབས་ཆེ་རུ་བསྐྱེད་དེ་འགྲན་སློང་གདོང་གིས་བསུ་བ་དང་། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་ན་ཆུང་བྱིས་པ་བཟང་པོ་ཞིག་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུའི་གྲ་སྒྲིག་བྱེད་ཀྱིན་ཡོད་ཟེར།

ཞིན་ཅང་ཨ་ཐུའུ་ཧྲེན་གྲོང་ཁྱེར་ཧ་ལ་ཅུན་ཞང་ཞེ་དབྱི་ཐེ་སློབ་ཆུང་གི་ན་ཆུང་གདོང་ལེན་རུ་མི་ནུའུ་འར་ཨ་དབྱི་མུའུ·ཨ་ལི་མ་ཧུང་གིས་བཤད་རྒྱུར། ཨ་མྱེས་ཞི་ཅིན་ཕིང་གི་འཕྲིན་ལན་སློབ་སྦྱོང་བྱས་རྗེས་སེམས་འགུལ་ཆེན་པོ་ཐེབས་བྱུང་། རྗེས་ཕྱོགས་ངས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་དང་། མི་རིགས་སོ་སོའི་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་སློབ་སྦྱོང་ལ་འབད་པ་བྱེད་པ། སེ་འབྲུ་དང་འདྲ་བར་མཐུན་སྒྲིལ་དམ་པོ་བྱས་ཏེ། ང་ཚོའི་མཛེས་སྡུག་ལྡན་པའི་ཕ་ཡུལ་སྔར་ལས་འཛུགས་སྐྲུན་ཡག་པོ་བྱེད་རྒྱུ་ཡིན་པ་དང་། ཨ་མྱེས་ཞི་ཅིན་ཕིང་གིས་ང་ཚོར་བཅངས་པའི་ཐུགས་རེ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་ཏང་དང་མི་དམངས་ཀྱི་རྒྱུན་འཛིན་པ་བཟང་བོ་ཞིག་བྱེད་རྒྱུ་ཡིན་ཟེར།

ན་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རེ་བ་ཡིན།

དུས་ཆེན་སྐབས་བྱམས་བརྩེའི་འཚམས་འདྲི་དང་རྟོག་ཞིབ་སྐབས་མངག་བཅོལ་ཟབ་མོ་གནང་སྟེ་བྱིས་པ་རྣམས་སྔར་ལས་ལེགས་པའི་སྒོ་ནས་འཚར་ལོངས་འབྱུང་བར་བྱེད་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་བྱེད་ས་གཙོ་བོ་དེ་ཡིན།  ཁོང་གིས་ན་ཆུང་བྱིས་པ་རྣམས་ཀྱིས་ཆུང་དུས་ནས་སློབ་སྦྱོང་བྱེད་པའི་སེམས་ཐག་གཅོད་པ་དང་།བདེན་དོན་འཚོལ་སྙེག་དང་མེས་རྒྱལ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་སྐྱེད་སྲིང་བྱེད་རྒྱུར་དོ་སྣང་བྱེད་པ།བྱ་སྤྱོད་དངོས་ཀྱི་ཐོག་ནས་གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་རྒྱུའི་མངག་བཅོལ་གནང་བ་དང་། བྱིས་པ་ཚོས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱེད་པ་དང་།“ཕྱི་རོལ་ཡུལ་གྱི་ལུས་རྩལ་ཁྲོད་མང་ཙམ་ཞུགས་ནས་ལུས་ཕུང་སྦྱོང་བརྡར་བྱེད་པ། རྒྱུགས་འབྲས་ནི་ཕྱོགས་གཅིག་ཙམ་ཡིན་པས། ཐོག་མར་སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་བྱས་ནས་མ་འོངས་པར་སྤྱི་ཚོགས་དང་སྔར་ལས་མཐུན་པར་བྱ་དགོས”ཞེས་མངག་བཅོལ་ཟབ་མོ་གནང་།  བརྩེ་སེམས་ཟབ་མོའི་རེ་སྒུག་གིས་མི་སེམས་འགུལ་བར་བྱེད་པ་མ་ཟད། བྱིས་པ་ཚོས“འབད་བརྩོན་ཆེན་པོས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཐེག་ཐུབ་པའི་རྐང་འཛིན་མི་སྣ་ཞིག་ཏུ་འགྱུར་བར”ཁྲིད་སྟོན་བྱས།

པེ་ཅིང་སློབ་འབྲིང་བཞི་པ་ཞུང་ཨན་སློབ་ཁུལ་གྱི་སློབ་མ་ཉིའུ་ཐེན་ཡུས་ཀྱིས་བཤད་རྒྱུར།ཨ་མྱེས་ཞི་ཅིན་ཕིང་ང་ཚོའི་སློབ་གྲྭར་ཕེབས་ནས་སློབ་ཁྲིད་ལ་ཉན་པ་དང་ང་ཚོ་དང་ཁ་བརྡ་བྱས་ནས། ང་ཚོའི་སློབ་སྦྱོང་དང་མིག་ཤེད་ལ་ཐུགས་ཁུར་བྱས་པ་དང་། ང་ཚོར་སྐར་གྲངས་ཁོ་ནར་མི་ལྟ་བར་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱེད་དགོས་ཞེས་མངག་བཅོལ་ཟབ་མོ་གནང་།ངས་དུས་ཚོད་གཅེས་སྤྲས་དང་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ། ཞུང་ཨན་ཁུལ་གསར་དང་མཉམ་དུ་འཚར་ལོངས་འབྱུང་བ་དང་། ནར་སོན་རྗེས་མེས་རྒྱལ་འཛུགས་སྐྲུན་ཐད་སྟོབས་ཤུགས་འབུལ་ཁོ་ཐག་ཡིན་ཟེར།

ཆིང་ཧྭ་སློབ་ཆེན་གྱི་ཁོངས་གཏོགས་སློབ་ཆུང་ཁྲང་ཕིང་སློབ་གྲྭའི་སློབ་མ་ཧྲི་མན་ཡུས་ཀྱིས་བཤད་རྒྱུར།ཨ་མྱེས་ཞི་ལགས་ཀྱིས་ང་ཚོ་སྡོང་ཕྲུག་དང་འདྲ་བར་བདེ་ཐང་ངང་འཚར་ལོངས་ཡོང་བར་རེ་བ་བྱེད་ཀྱི་ཡོད། ངས་སློབ་སྟོན་ཡིད་ལ་དམ་པོར་བཟུང་ནས་ཤེས་བྱར་དགའ་བ་དང་ངལ་རྩོལ་ལ་དགའ་བ། རང་བྱུང་ཁམས་ལ་དགའ་བ་བཅས་བྱས་ཏེ། ཀུན་སྤྱོད་དང་  ཤེས་རིག  ལུས་རྩལ།  མཛེས་རྩལ།  ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ནས་གདུང་འདེགས་ཀྱི་ཀ་བ་ལྟ་བུའི་མི་ཞིག་ཏུ་འགྱུར་གང་ཐུབ་བྱ་རྒྱུ་ཡིན་ཟེར།  

སྤྱི་ཁྱབ་ཧྲུའུ་ཅིའི་བརྩེ་སེམས་ཟབ་མོའི་ཐུགས་རེ་དེ་ཕྱོགས་ཡོངས་ནས་ན་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བའི་གསོན་ཉམས་དོད་པའི་ལག་ལེན་དུ་འགྱུར་བཞིན་ཡོད།  མེ་ཏོག་གསོ་ན་རྩ་བར་ཆུ་གཏོང་དགོས་ཤིང་།  མི་སྐྱོང་ན་མི་གཞི་གསོ་སྐྱོང་བྱེད་དགོས།  ན་ཆུང་བྱིས་པའི“མི་ཚེའི་གོམ་པ་དང་པོ”ལེགས་པོ་སྤོ་རྒྱུར་ཁྲིད་སྟོན་བྱེད་དགོས་ལ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་།  སློབ་རིམ་སོ་སོའི་བསམ་བློ་ཆབ་སྲིད་སློབ་ཚན་བར་གྱི“ཆད་ཚེག”སྦྲེལ་མཐུད་བྱས་ཏེ།  རིམ་གྱིས་གོང་འཕེལ་དང་ཡར་རྒྱས་གོང་འཕེལ་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་མ་ལག་འཛུགས་དགོས། “བསམ་བློ་ཆབ་སྲིད་ཀྱི་སློབ་ཁང་ཆུང་ངུ”དང“སྤྱི་ཚོགས་ཀྱི་སློབ་ཁང་ཆེན་མོ”མཉམ་འདྲེས་གཏིང་ཟབ་བྱས་ནས་སློབ་མ་ཚོར་རྒྱལ་ཁབ་ཀྱི་གནས་ཚུལ་དང་མི་དམངས་ཀྱི་གནས་ཚུལ་གྱི་སློབ་གསོའི་ཁྲོད་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་དུ་འཇུག་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“བདེ་ཐང་ཨང་དང་པོའི”སློབ་གསོའི་འདུ་ཤེས་ལག་ལེན་བསྟར་ནས་བྱིས་པ་ཚོའི“བདེ་ཐང་གི་ལག་རྟགས་ཆེན་པོ”རིམ་བཞིན་དོན་འཁྱོལ་བྱེད་དགོས།  ས་གནས་སོ་སོས་གཅིག་རྗེས་གཉིས་མཐུད་ངང་བྱེད་ཐབས་དངོས་བཏོན་ནས་ལུས་རྩལ་སློབ་ཁྲིད་ཡག་པོ་འཚོག་རྒྱུར་འགན་ལེན་བྱེད་དགོས། ད་ལྟ་རྒྱལ་ཡོངས་ཀྱི་ཞིང་ཆེན་ཚང་མས་ཉིན་རེར་ཆུ་ཚོད་གཉིས་ཀྱི་ཕྱོགས་བསྡུས་ལུས་རྩལ་བྱེད་སྒོ་སྤེལ་བཞིན་ཡོད།  2021ལོ་ནས2024ལོའི་བར། རྒྱལ་ཡོངས་ཀྱི་སློབ་མའི་སྤྱིའི་རྒྱང་སྒྲིབ་མིག་ཏུ་འགྱུར་ཚད“བསྟུད་མར་ཐེངས་བཞིར་མར་ཆག”ནས་བྱིས་པ་མང་པོས་མིག་ཤེལ་མི་གྱོན་པ་དང་།  ལུས་ཕུང་མི་ཚོ་བ། གཟུགས་གཞི་མི་སྒུར་བ་བཅས་མངོན་འགྱུར་བྱུང་ཡོད།  དེ་དང་ཆབས་ཅིག  ཚན་རིག་སློབ་གསོ་དང་མཛེས་རྩལ་སློབ་གསོ།  ངལ་རྩོལ་སློབ་གསོ་བཅས་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས། རྒྱལ་ཡོངས་སུ་ཚན་རིག་སློབ་གསོའི་ཚོད་ལྟ་ཁུལ241དང་ཚོད་ལྟའི་སློབ་གྲྭ1862བཙུགས་ནས།  ཚན་རིག་བསླབ་ཚན་རྒྱུན་མཐུད་ཇེ་ལེགས་སུ་བཏང་བ་དང་།  སློབ་ཁྲིད་བྱེད་སྟངས་གསར་གཏོད་བྱས་ལ། ཐོན་ཁུངས་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཚན་རིག་བྱང་ཚད་བརྟན་བརླིང་ངང་མཐོ་རུ་ཕྱིན་ཡོད།   སྲོལ་རྒྱུན་སྒྱུ་རྩལ་སློབ་གྲྭར་ཁྱབ་གདལ་གཏོང་རྒྱུ་དེ་རྒྱུན་རྣམ་དུ་གྱུར་པ་དང་།  ངལ་རྩོལ་སློབ་ཁྲིད་དེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ངེས་པར་དུ་སྦྱོང་དགོས་པའི་བསླབ་ཚན་ཞིག་ཏུ་གྱུར་ཡོད།   འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་སྤེལ་བར་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་བ་དང་།  འོས་འགན་སློབ་གསོའི་དུས་མཚམས་ཀྱི་མཉམ་ཁྲིད་བུ་ཕྲུག་གིས་གཞུང་བཙུགས་བསླབ་གནས་ལོངས་སུ་སྤྱོད་ཚད97%ཟིན་ཡོད།  དབང་པོ་སྐྱོན་ཅན་གྱི་བྱིས་པ་འོས་འགན་སློབ་གསོའི་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི97ཡན་བརྟན་པོ་ཡོང་བར་བྱས་ཏེ། བྱིས་པ་ཚང་མར་འདྲ་མཉམ་དང་སྤུས་ཚད་ལྡན་པའི་སློབ་གསོ་མྱངས་དུ་བཅུག་པ་དང་། ཀུན་སྤྱོད་དང་ཤེས་རིག  ལུས་རྩལ།  མཛེས་རྩལ།  ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ཁྲོད་ལང་ཚོའི་གཟི་མདངས་མངོན་དུ་བཅུག 

པེ་ཅིང་གྲོང་ཁྱེར་ཡུའུ་ཡན་སློབ་གྲྭའི་སློབ་མ་ཧྲེང་ཡུས་ཁྲེང་གིས་བཤད་རྒྱུར།  ཨ་མྱེས་ཞི་ཅིན་ཕིང་གིས་ང་ཚོར“ཁྱེད་ཚོས་ཆུང་དུས་ནས‘ཚན་རྩལ་གསར་གཏོད་དང་།  རྒྱལ་ཁབ་སྟོབས་ཆེན་གཏོང་བར་འབད་བརྩོན་བྱེད་པའི་ཕུགས་བསམ་འཆང་དགོས་ཞེས་གསུངས་། ང་ཚོའི་སློབ་གྲྭར་ཚན་རྩལ་གསར་གཏོད་ཀྱི་བྱེད་སྒོ་མང་པོ་ཡོད་ལ།   ད་དུང་ཁྱད་ཆོས་སྣ་ཚོགས་ལྡན་པའི་ཚན་རྩལ་ཚོགས་པ་ཡོད་པས།  ངའི་མཐོང་རྒྱ་བསྐྱེད་དུ་བཅུག་པ་མ་ཟད།   ད་དུང་ཚན་རིག་ཞིབ་འཇུག་གི་ཐབས་ཤེས་ཀྱང་སློབ་སྦྱོང་བྱེད་དུ་བཅུག  ངའི་ཕུགས་འདུན་ནི་ཚན་རིག་མཁས་ཅན་ངོ་མ་ཞིག་ཏུ་གྱུར་ནས་སྦྱངས་པའི་ཤེས་བྱས་རྒྱལ་ཁབ་ཀྱི་ཚན་རྩལ་འཕེལ་རྒྱས་ལ་རམ་འདེགས་བྱེད་རྒྱུ་དེ་ཡིན་ཟེར། 

མངགས་བཅོལ་རེ་རེ་འཚར་ལོངས་ཀྱི་སྒུལ་ཤུགས་སུ་སྒྱུར་བ་དང་། ལོ་ཆུང་བྱིས་པ་རེ་རེའི་བསམ་འདུན་གྱི་མྱུ་གུ་འབུས། དེ་རིང་མེས་རྒྱལ་གྱི་བྱིས་པ་བཟང་པོ་དང་སང་ཉིན་མེས་རྒྱལ་གྱི་འཛུགས་སྐྲུན་པ་བྱེད་དགོས།དུས་རབས་གསར་པའི་ན་ཆུང་བྱིས་པས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ཡིད་ལ་དམ་པོར་བཅངས་ནས་ཕུགས་བསམ་ཇེ་བརྟན་དུ་གཏོང་བ་དང་ཕུགས་འདུན་དོན་གཉེར་གྱིས་མདུན་སྐྱོད་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་རྐང་འཛིན་མི་སྣར་འགྱུར་བར་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།