ཟླ5པའི་ཚེས31ཉིན་མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་དོ་དམ་ཞབས་ཞུའི་ལས་སྟེགས་འཁོར་སྐྱོད་བྱེད་མགོ་ཚུགས་པའི་ཚོགས་འདུ་ཟི་ལིང་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་པད་གོ་དང་།ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་བཅས་ཚོགས་འདུར་ཞུགས་པ་མ་ཟད་མཉམ་དུ་ལས་སྟེགས་འཁོར་སྐྱོད་བྱེད་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།
མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་དོ་དམ་ཞབས་ཞུའི་ལས་སྟེགས་ནི་རང་ཞིང་གིས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆོས་ལུགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་གསར་གཏོད་བྱེད་ཐབས་ཤིག་ཡིན་ལ། ཆོས་ལུགས་ལས་དོན་དེ་སྲོལ་རྒྱུན་དོ་དམ་ནས་གཞི་གྲངས་ཀྱི་རིག་སྟོབས་ཅན་གྱི་བཅོས་སྐྱོང་ཕྱོགས་སུ་སྒྱུར་རྒྱུར་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་པས། རང་ཞིང་གིས་དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་རྒྱུར་གཞི་རྟེན་གསར་རྐྱང་མཁོ་འདོན་བྱས་ཡོད། 2024ལོའི་ཟླ8པར་རྣམ་གྲངས་ལག་བསྟར་བྱེད་མགོ་བརྩམས་པ་ནས་བཟུང་སྟེ། ཞིང་ཆེན་ཏང་ཨུས་ཚད་མཐོ་པའི་མཐོང་ཆེན་དང་མཐོ་རིམ་ནས་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་དམངས་ཆོས་ལུགས་ཨུ་ཡོན་ལྷན་ཁང་། འཛུགས་སྐྲུན་འགན་འཁུར་ལས་ཁུངས་བཅས་ཀྱིས་སྟོབས་ཤུགས་གཅིག་སྡུད་བཅས་བྱས་ཏེ། ལས་སྟེགས་ཀྱི་འཆར་འགོད་ཇུས་འགོད་དང་འཛུགས་སྐྲུན་ལག་བསྟར་བདེ་བླག་ངང་ལེགས་འགྲུབ་བྱུང་།
ལས་སྟེགས་དེས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ། ཆོས་ལུགས་བྱེད་སྒོ་བཅས་ཀྱི་འབྲེལ་ཐག་ཧྲིལ་པོའི་འགུལ་རྣམ་བཀག་སྡོམ་དོ་དམ་མངོན་འགྱུར་ཐུབ་པ་སྟེ། ནུས་ཆེའི་སྒོ་ནས་གཞི་གྲངས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་བརྒྱུད་རྨང་གཞིའི་ཆ་འཕྲིན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཤེས་པ། དགེ་འདུན་པར་ཕན་པའི་ཞབས་ཞུ་གནད་ལ་འཁེལ་བའི་སྒོ་ནས་མཁོ་འདོན་བྱེད་པ་བཅས་བྱས་ཏེ་སྙན་ཐོའི་རེའུ་མིག་དང་རྩིས་ཐོ་བསྐྱར་ཟློས་ཇེ་ཉུང་དུ་ནུས་ལྡན་བཏང་བ་དང་། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་ནས་ལས་སྒོ་དྲ་ཐོག་ནས་གཉེར་བ་དང་། གཞི་གྲངས་དུས་ཐོག་ཏུ་གསར་བརྗེ། གནས་ཚུལ་གྱི་འགུལ་རྣམ་གསལ་པོ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱྱང་ནས་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་དོན་དོ་དམ་ལས་དོན་དེ་ཚན་རིག་ཅན་དང་། ཞིབ་ཚགས་ཅན་དང་གྲངས་འཛིན་ཅན་དུ་འགྱུར་བའི་དུས་རིམ་གསར་པར་རྨང་གཞི་བརྟན་པོ་བཏིངས།
ལས་སྟེགས་བསྐྲུན་ནས་འཁོར་སྐྱོད་བྱེད་མགོ་བརྩམས་པ་ནི་གཞི་གྲངས་ཀྱི་རིག་ནུས་ལྡན་པའི་ཆོས་ལུགས་ལས་དོན་གྱི་མགོ་རྩོམ་ས་གལ་ཆེན་ཞིག་རེད། དུས་གཅིག་ཏུ་དྲ་ཐོག་ཏུ་འཁོར་སྐྱོད་བྱེད་པའི“མཚོ་སྔོན་གྱི་ཆོས་ལུགས་ས་ཚིགས”Appདེ་སྟེགས་བུའི་ལག་ཁྱེར་ཁ་པར་གྱི་སྣེ་མོར་བརྩིས་ནས་གཞི་གྲངས་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་ལས་སྒྲུབ་བརྒྱུད་རིམ་སྟབས་བདེ་རུ་བཏང་བ་དང་། དུས་དང་རྣམ་པ་ཀུན་ཏུ་སྲིད་ཇུས་ཁྲིམས་སྲོལ་དང་ཆོས་དོན་ཤེས་བྱ་སློབ་སྦྱོང་བྱེད་པའི་ཁོར་ཡུག་མཁོ་འདོན་བྱས་ནས་ཆོས་ལུགས་ལས་རིགས་མི་སྣའི་རང་ངོས་སློབ་གསོ་དང་། རང་གིས་རང་ལ་དོ་དམ། རང་གིས་རང་ལ་གཅུན་སྡོམ་བཅས་ལ་ཤུགས་སྣོན་བྱེད་ཆེད་ནུས་པ་ཆེན་པོ་བཏོན།
རང་ཞིང་གིས་ལས་སྟེགས་བེད་སྤྱོད་དེ་ཆོས་ལུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། གཞི་གྲངས་ཀྱི་ཐོན་ཁུངས་སྔར་བས་འཐུས་ཚང་དུ་གཏོང་བ། ཆོས་ལུགས་ལས་དོན་ལ་རྒྱུན་གཏན་ལྟ་སྐུལ་དོ་དམ་དང་། ཞིབ་མཆན་ཞིབ་བཤེར་གཏན་འབེབས་སོགས་ལས་སྟེགས་དོ་དམ་ཁྱབ་ཁོངས་ནང་བཅུག་ནས་ཆོས་ལུགས་ལས་དོན་དོ་དམ་གྱི་དྲ་ཐོག་བཀག་སྡོམ་བེད་སྤྱོད་ལ་སྐུལ་འདེད་བཏང་སྟེ་དྲ་ཐོག་ལས་དོན་དང་། དྲ་ཐོག་རྗེས་ཤུལ་འཇོག་པ། རིམ་པ་དང་རིགས་དབྱེ་ནས་ལས་སྒོའི་གསོ་སྦྱོང་བྱས་ཏེ་ཁྱབ་གདལ་བེད་སྤྱོད་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས། རང་ཞིང་གི་ཆོས་ལུགས་ཁྱབ་ཁོངས་སུ་ལས་སྟེགས་དེ་བེད་སྤྱོད་གཏིང་ཟབ་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་། དེ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་དམངས་ཆོས་ལུགས་ལས་ཁུངས་ཀྱིས“གཅིག་གྱུར”གྱི་བསམ་བློ་བཟུང་ནས་འགན་འཁྲི་དམ་འཛིན་དང་། ལྟ་སྐུལ་དཔྱད་ཞིབ་ལ་ཤུགས་སྣོན། བདེ་འཇགས་འགོག་སྲུང་ལ་ཤུགས་སྣོན། མཉམ་འཛིན་དོ་དམ་དང་མཐུན་སྦྱོར་ཤུགས་སྣོན་བཅས་བྱ་རྒྱུ་རེད། ལས་སྟེགས་དྲ་ཐོག་ཏུ་གཏོང་བ་དེ་མགོ་འཛུགས་ས་གསར་པ་བྱས་ནས། རང་འགུལ་སྒོས་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བླང་བྱར་དམིགས་ཏེ། གཞི་གྲངས་དང་རིག་སྟོབས་ཅན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་བའི་ཆོས་ལུགས་ལས་དོན་ལ་བརྟེན་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་ཆོས་ལུགས་ཁྱབ་ཁོངས་འཆམ་མཐུན་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་སྲུང་སྐྱོབ་བྱ་རྒྱུ་རེད།