ཟླ5པའི་ཚེས29ཉིན། ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཚོགས་ཆེན་ཟི་ལིང་དུ་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་ཞབས་ཞུའི་ལས་རིགས་ཚོགས་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། ནུས་ཤུགས་སྔར་ལས་ཆེན་པོ་དང་བྱེད་ཐབས་སྔར་ལས་ལེགས་པོས་ཞབས་ཞུའི་ལས་རིགས་ཀྱི་སྤུས་ལེགས་ཆོད་ཆེའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཚོགས་ཆེན་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་བྱ་བར་བཀོད་སྒྲིག་བྱས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ་ང་ཚོའི་ཏང་གིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་སྔར་ལས་གཏིང་ཟབ་ཏུ་བཏང་བ་དང་། དེ་ནི་འཐབ་ལམ་གསར་པའི་སྟེང་ཞབས་ཞུའི་ལས་རིགས་ཀྱི་སྤུས་ལེགས་ཆོད་ཆེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚན་རིག་གི་ཕྱོགས་སྟོན་ཡིན་པས། བསམ་སྦྱོར་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། རང་འགུལ་གྱིས་འཕེལ་ཕྱོགས་དང་བསྟུན་ནས་གོ་སྐབས་དམ་འཛིན་བྱེད་པ། ཁྱད་ལྡན་ཐོན་ལས་ཀྱི་དགེ་མཚན་དང་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པ། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་ཆེད་ལས་ཅན་དང་རིན་ཐང་མུ་ཕྲེང་གི་རྩེར་སོན་ཅན་གྱི་ཕྱོགས་སུ་མཆེད་པར་སྐུལ་འདེད་གཏོང་བ། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་ལེགས་པོ་དང་སྣ་མང་ཅན། སྟབས་བདེ་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། ཧུར་ཐག་གིས་རང་ཞིང་གི་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དགོས། ཚོང་གཉེར་གཙོ་གཞི་གསོ་སྐྱོང་དང་སྟོབས་ཆེར་གཏོང་རྒྱུ་དེ་རྨང་གཞི་རང་བཞིན་དང་གནད་འགག་རང་བཞིན་གྱི་ལས་འགན་དུ་བརྩིས་ནས། དགོས་མཁོའི་སྣེ་ཁྲིད་འབུར་དུ་ཐོན་པར་བྱེད་པ་དང་འཕེལ་རྒྱས་བག་ཤུགས་སྔོག་འདོན་བྱས་ཏེ་སྲོལ་རྒྱུན་དགེ་མཚན་ཁྱབ་ཁོངས་ཆེ་རུ་བསྐྱེད་པ་དང་ཇེ་ལེགས་སུ་གཏོང་བ། ཧུར་ཐག་གིས་ལས་རྣམ་གསར་པ་གསོ་སྐྱོང་དང་ནང་འདྲེན་བྱེད་པ། ལྗོངས་རྣམ་ཚོང་འགུག་དང་ཚོང་བརྟེན་ཚོང་འགུག་ལ་ཤུགས་སྣོན་པ། འཕེལ་རྒྱས་བར་སྟོང་རྒྱུན་མཐུད་ངང་རྒྱ་བསྐྱེད་པ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཞབས་ཞུའི་ལས་རིགས་ཀྱི་སྤུས་རྟགས་བསྐྲུན་པ་བཅས་བྱས་ཏེ་ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་གོ་གནས་གལ་ཆེན་དུ་བཞག་ནས་བསམ་བཀོད་གཅིག་གི་རིགས་ལམ་རྒྱུན་འཁྱོངས་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། འགན་འཁྲི་ཁུར་ཕོད་པ་དང་སློབ་སྦྱོང་བཟང་བོ་བྱེད་པ། གསར་གཏོད་བྱེད་ཕོད་པ་དང་སྤྲོ་སེམས་ལྡན་པ་བཅས་བྱས་ནས། ཧུར་ཐག་གིས་ཐོན་ལས་དང་ཁྲོམ་རར་རྒྱུས་མངའ་ཡོད་པར་མ་ཟད་ཞབས་ཞུར་མཁས་པའི་འཇོན་མིར་འགྱུར་བར་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་ནས་ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ལས་རིགས་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་གཏོང་བ་ནི་མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དགོས་མཁོ་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་བླང་བྱ་ཡིན་པས། བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། ཐོན་ལས་གནས་བཞིར་དམིགས་ནས་མུ་ཕྲེང་གཅིག་བསྡུས་ཀྱི་གནས་བབ་ཆགས་པར་བྱེད་པ། ཚན་རྩལ་ཞབས་ཞུའི་འདེགས་སྐྱོར་ལ་ཤུགས་སྣོན་པ། དངུལ་རྩའི་ཞབས་ཞུའི་འདོན་སྤྲོད་ཆེ་རུ་གཏོང་བ། ཚོང་དོན་ཞབས་ཞུའི་ལས་རིགས་དང་ཆ་འཕྲིན་ཞབས་ཞུའི་ལས་རིགས་སྟོབས་ཆེར་གཏོང་བ། ཟོང་འགྲུལ་ལས་རིགས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་མུ་ཕྲེང་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། མང་ཚོགས་ཀྱི་སྤུས་ལེགས་འཚོ་བའི་དགོས་མཁོར་དམིགས་ནས་རིག་གནས་ཡུལ་སྐོར་ཞབས་ཞུའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒན་གསོ་དང་བྱིས་སྐྱོང་ཞབས་ཞུའི་ལས་རིགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ། བདེ་ཐང་སྨན་བཅོས་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ། ཚོང་ཟོག་འཛད་སྤྱོད་ཞབས་ཞུའི་ལས་རིགས་ཀྱི་གསོན་ཤུགས་བསྐྱེད་པ་བཅས་བྱས་ནས། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ནུས་རིམ་འབད་པས་མཐོར་འདེགས་གཏོང་དགོས། ཐོན་ལས་རྣམ་སྒྱུར་རིམ་སྤོར་ལ་དམིགས་ནས་ཞབས་ཞུའི་ལས་རིགས་ཀྱི་གྲངས་རིག་ཅན་དང་ལྗང་མདོག་ཐཱན་ཉུང་རྣམ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་ལས་རིགས་ཀྱི་སྟེགས་བུ་དང་གཙོ་གཞི་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་ཤུགས་ཆེན་པོས་གསར་དར་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྐྱེད་དགོས། ལས་རིགས་བརྒལ་བའི་མཉམ་འདྲེས་རྒྱ་བསྐྱེད་བར་སྟོང་ཆེ་རུ་གཏོང་བར་དམིགས་ནས་ཞབས་ཞུའི་ལས་རིགས་དང་བཟོ་སྐྲུན་ལས་རིགས། ཞིང་སྡེའི་ཐེངས་གསུམ་པའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དང་ཞབས་ཞུའི་ལས་རིགས་ཀྱི་ཕྱོགས་གཉིས་ནུས་སྩོལ་ལ་ཤུགས་སྣོན་པ། མཁར་གྲོང་ས་ཁོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། ཞབས་ཞུའི་ལས་རིགས་དང་ཁྱབ་ཁོངས་སོ་སོ་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་སྤེལ་གཏོང་དགོས། བཅོས་སྒྱུར་གསར་གཏོད་དང་སྒོ་འབྱེད་མཉམ་ལས་ལ་དམིགས་ནས་འཕེལ་རྒྱས་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་སྤུས་ལེགས་ཐོན་ཁུངས་སྦྲེལ་མཐུད་བྱེད་པ། འགན་སྲུང་མ་ལག་བཙུགས་ནས་འཐུས་ཚང་དུ་གཏོང་བ། ཤུགས་ཆེན་པོས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་བག་ཤུགས་དང་གསོན་ཤུགས་བསྐྱེད་པ་བཅས་བྱས་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་མ་ལག་མགྱོགས་མྱུར་སྒོས་བསྐྲུན་དགོས།
ཚོགས་འདུའི་སྟེང་། ཀྲང་ཅིན་ཀང་གིས་འབྲེལ་ཡོད་མཛུབ་སྟོན་དགོངས་དོན་བརྒྱུད་སྒྲོག་བྱས། འབྲེལ་ཡོད་སྡེ་ཁག་དང་ས་ཁུལ། ཁེ་ལས་བཅས་ཀྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།
ཚོགས་འདུ་བརྙན་ལམ་ནས་རྣམ་པས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། གྲོང་ཁྱེར་དང་ཁུལ་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་ཚོགས་ཆེན་ལ་ཞུགས།