ཡུས་ཧྲུའུ་ཁུལ་གྱི་འཐུས་ཚབ་ཚོགས་པ་འབྲི་ཆུའི་འགྲམ་རྒྱུད་གྲོང་ཁྱེར་གྱིས་མ་ཡུམ་ཆུ་བོར་མཉམ་དུ་སྲུང་སྐྱོབ་བྱེད་པའི་བརྗོད་དོན་བྱེད་སྒོར་ཞུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ5པའི་ཚེས28ཉིན་ནས་ཚེས29ཉིན་བར།    འབྲི་ཆུར་གཟིགས་ནས་ཀྲུང་ཧྭའི་གཏམ་རྒྱུད་འཆད་ཅེས་པའི་འབྲི་ཆུའི་འགྲམ་རྒྱུད་གྲོང་ཁྱེར་གྱིས་མ་ཡུམ་ཆུ་བོར་མཉམ་དུ་སྲུང་སྐྱོབ་བྱེད་པའི་བརྗོད་དོན་བྱེད་སྒོ་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་དུ་བསྡུས།   ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཡུས་ཧྲུའུ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གྲུབ་པའི་འཐུས་ཚབ་ཚོགས་པ་བྱེད་སྒོར་ཞུགས། 

ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་འབྲི་ཆུའི་སྲུང་སྐྱོབ་ཆེན་མོའི་གྲུབ་འབྲས་དྲིལ་སྒྲོག་འགྲེམ་སྟོན་བྱེད་པ།   རིགས་སོ་སོའི་མང་ཚོགས་མཉམ་དུ་མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་ཁྲོད་ཞུགས་པའི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་པར་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་ཆེད་ཡིན།

འགོ་རྩོམ་མཛད་སྒོ་དབྱི་ཁྲང་གྲོང་ཁྱེར་པེན་ཅང་སྤྱི་གླིང་དུ་བསྡུས།   ཡུས་ཧྲུའུ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་འབྲི་ཆུའི་འབྱུང་ཁུངས་ས་ཁུལ་གྱི་འཐུས་ཚབ་ཡིན་པའི་ཆ་ནས། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་བྱེད་པར་དམིགས་ནས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་པ་དང་།   ཡུས་ཧྲུའུ་ནི་འབྲི་ཆུའི་འགོ་ཁུངས་དང་ཀྲུང་ཧྭའི་ཆུ་མཛོད་ཡིན་པའི་ཆ་ནས་ལས་འགན་དང་འགན་འཁྲི་གལ་ཆེན་ཁུར་ཡོད་ལ།   དེ་བཞིན་ས་གནས་སྐྱེ་ཁམས་ཁྲིམས་སྐྱོང་མ་ལག་འཛུགས་པ་དང་སྐྱེ་ཁམས་དོ་སྲུང་མི་སྣ་རྩ་འཛུགས་བྱས་ཏེ། ས་ཁོངས་ཡོངས་སུ་སྐོར་སྲུང་བྱེད་པའི་བྱེད་ཐབས་སྤྱད་དེ་ལོ་རྒྱུན་འཁོར་མོའི་ནང་འབྲི་ཆུའི་ཆུ་གཤིས་ཀྱི་ཚད་གཞི་ལེགས་པོ་སྲུང་འཛིན་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་ངོ་སྤྲོད་བྱས།   འབྲི་ཆུའི་འགོ་ཁུངས་དང་དབུས་རྒྱུད་ས་ཁུལ་གྱི་ལོ་ངོ་སྟོང་ལས་བརྒལ་བའི་འགྲོ་འོང་དང་བརྗེ་རེས།  མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་།   འབྲི་ཆུ་ནི་སྐྱེ་ཁམས་ཀྱི་ཆུ་བོ་ཞིག་ཡིན་ལ།  མི་རིགས་མཐུན་སྒྲིལ་གྱི་བསམ་པའི་སྦྲེལ་ཐག་ཅིག་དེ་བས་ཀྱང་ཡིན་ཞེས་བསྟན་པར་མ་ཟད།   འབྲི་ཆུའི་འགྲམ་རྒྱུད་ཀྱི་རིགས་སོ་སོའི་མང་ཚོགས་རྣམས་འབྲི་ཆུའི་འགོ་ཁུངས་སུ་ཡོང་ནས་འབྲི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་ལོ་ངོ་སྟོང་གི་རིག་གནས་རྒྱུན་འཛིན་བྱེད་པར་དགའ་བསུ་ཞུས།  

བྱེད་སྒོའི་སྐབས་སུ།   ཚོགས་ཞུགས་མི་སྣ་རྣམས་འགག་གསུམ་བཟོ་སྐྲུན་དང་འགག་གསུམ་བཟོ་སྐྲུན་རྟེན་མཛོད་ཁང་སོགས་སུ་སོང་ནས་རིགས་སོ་སོའི་ན་གཞོན་བར་གྱི་བསམ་བློ་བརྗེ་རེས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས།   སྐྱེ་ཁམས་སྲུང་སྐྱོབ།   འགག་གསུམ་གནས་སྤོར་སྡོད་དམངས་ཀྱིས་མ་ཡུམ་ཆུ་བོར་མཉམ་དུ་སྲུང་སྐྱོབ་བྱས་པའི་ལག་ལེན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད།    འབྲི་ཆུའི་སྲུང་སྐྱོབ་ཆེན་མོའི་བྱེད་ཐབས་སྤྱད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་པར་བྱེད་པར་དམིགས་ནས་བགྲོ་གླེང་དང་བསམ་བློ་བརྗེ་རེས་བྱས།

ཡུས་ཧྲུའུ་ནི་འབྲི་ཆུའི་འགོ་ཁུངས་ཡིན་པའི་ཆ་ནས་ཐེངས་འདིའི་བྱེད་སྒོར་ཞུགས་པ་དང་།   འབྲི་ཆུའི་འགྲམ་རྒྱུད་གྲོང་ཁྱེར་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ།   རིག་གནས་ཡུལ་སྐོར་མཉམ་འདྲེས་སོགས་ཁྱབ་ཁོངས་ཀྱི་མཐུན་སྦྱོར་མཉམ་འགུལ་གཏིང་ཟབ་ཏུ་སྤེལ་བར་དོན་སྙིང་གལ་ཆེན་ལྡན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།