ཟླ5ཚེས27ཉིན། མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་གཉོར་སྐྱོང་ཞབས་ཞུའི་ལས་རིགས་རྩལ་ནུས་འགྲན་བསྡུར་དེ་མཚོ་ཤར་གྲོང་ཁྱེར་དུ་མཇུག་བསྒྲིལ། ད་རེས་ཀྱི་འགྲན་བསྡུར་དེ་མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་དམངས་སྲིད་ཐིང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་སློབ་གསོ་ལས་ཞུགས་པུའུ་དང་མཚོ་ཤར་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་འགན་སྒྲུབ་བྱས། འགྲན་སྡུར་འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་གཉོར་སྐྱོང་ཞབས་ཞུའི་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་སྤེལ་བ་ཐེངས་དང་པོ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8 ནས་ཡོང་བའི་གཉོར་སྐྱོང་ཞབས་ཞུའི་ལས་གཉེར་བ40 འགྲན་བསྡུར་ནང་ཞུགས་པ་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་གཉོར་སྐྱོང་ཞབས་ཞུ་ཚད་ལྡན་ཅན་དང་། ཚད་གཞི་ཅན། ཆེད་ལས་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད།
ཐེངས་འདིའི་འགྲན་བསྡུར་ཟླ5པའི་ཚེས26ཉིན་ནས་འགོ་བརྩམས་པ་དང་ཉིན་གཉིས་རིང་སྤེལ། བདེ་ཐང་ནད་གཡོག་པ(ཡུན་རིང་ནད་གཡོག་པ)རིམ་པ་གསུམ་པའི་རྒྱལ་ཁབ་ལས་རིགས་རྩལ་ནུས་ཀྱི་ཚད་གཞི(མཐོ་རིམ་ལག་རྩལ་པ)ཡི་བརྗོད་གཞི་ལྟར། འཚོ་བའི་ལྟ་སྐྱོང་དང་། བདེ་ཐང་ནད་གཡོག རམ་འདེགས་སྦྱོང་བརྡར་སོགས་ཀྱི་དངོས་དོན་རྣམ་གྲངས་ལ་དམིགས་ནས་རིགས་པའི་གཞུང་ལུགས་ཀྱི་དཔྱད་ཞིབ་དང་། ལས་སྒོའི་འགྲེམས་སྟོན། ཡུལ་དངོས་ལག་ལེན་བཅས་ཀྱི་ལྷུ་ཚིགས་གསུམ་བཀོད་སྒྲིག་བྱས་ཡོད། མཐར་མཚོ་ཤར་འཐུས་ཚབ་རུ་ཁག་ལ་ཚོགས་པའི་ཨང་དང་པོ་ཐོབ་པ་དང་། ཟི་ལིང་གྲོང་ཁྱེར་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་རུ་ཁག་ལ་ཚོགས་པའི་ཨང་གཉིས་པ་ཐོབ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་འཐུས་ཚབ་རུ་ཁག་ལ་ཚོགས་པའི་ཨང་གསུམ་པ་ཐོབ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ལ་དཔེ་ལེགས་ཚོགས་པའི་གཟེངས་རྟགས་ཐོབ། པའེ་ཡོན་ཞང་སོགས་འགྲན་ཞུགས་པ6 ལ་མི་སྒེར་འགྲན་བསྡུར་གྱི་ཨང་དང་པོ་དང། གཉིས་པ། གསུམ་པ་བཅས་ཐོབ་པ་དང་། ལི་ཧྲེང་ནཱ་སོགས་འགྲན་ཞུགས་པ8ལ་མི་སྒེར་འགྲན་སྡུར་གྱི་ཀུན་སྤྱོད་དཔེ་ལེགས་ཀྱི་གཟེངས་རྟགས་ཐོབ།
གསོ་སྐྱོང་ཞབས་ཞུ་ནི་དབང་པོ་སྐྱོན་ཅན་འགན་སྲུང་མ་ལག་གི་གནད་འགག་གི་ལྷུ་ཚིགས་ཤིག་ཡིན། ཡུན་རིང་ལྟ་སྐྱོང་མཁན་ནི2022ལོར་འཕྲོད་བསྟེན་ལྟ་སྐྱོང་མཁན་གྱི་ལས་རིགས་འོག་ཏུ་གསར་དུ་བསྣན་པའི་ལས་རིགས་གསར་པ་ཞིག་ཡིན་ལ། རྒྱལ་ཁབ་ཀྱིས་ལས་རིགས་ཚད་གཞི་དང་གཞི་རྩའི་གསོ་སྦྱོང་ཁག་ཁྱབ་བསྒྲགས་བྱས་ཟིན། ཐེངས་འདིའི་འགྲན་བསྡུར་བརྒྱུད། གསོ་སྐྱོང་ཞབས་ཞུའི་ལས་ཁུངས་ཀྱིས་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཞབས་ཞུའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་སྣ་མང་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་བར་སྐུལ་འདེད་བཏང་ཡོད་ལ། དེ་དང་མཉམ་དུ། “ལག་རྩལ་ཡོད་ན་མདུན་ལམ་ཡོད་པ”ཞེས་པ་ལས་རིགས་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་འགྱུར་བར་བྱས།