ཟླ5པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་དང་མཚོ་སྔོན་ཞིང་ཆེན་རོང་ཧུའེ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་སྐུལ་སྤེལ་ལྟེ་གནས་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་ནུས་ཁུངས་གསར་པའི་ཐོན་ལས་མཉམ་ལས་ཐད་ཀྱི་ཞིབ་འཇུག་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་དངོས་སུ་ཚོགས་འགོ་བརྩམས། ཨ་ཧྥེ་རི་ཁ་ལྷོ་མ་དང་ཐུར་ཁེ། ཀམ་པི་ཡ། ཧུའུ་ཏུའུ་ལ་སི། ཧིན་རྡུ་ཉི་ཞི་ཡ་བཅས་རྒྱལ་ཁབ་ལྔ་ཡི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་དཔོན་དམག་དང་དེ་བཞིན་ལག་རྩལ་མི་སྣ་ཉེར་དྲུག་ཟི་ལིང་དུ་འཛོམས་ཏེ་ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་དང་ལྗང་མདོག་ཐཱན་ཉུང་ལག་རྩལ་བཀོལ་སྤྱོད། ཐོན་ལས་དངོས་གཉེར་མཉམ་ལས་སོགས་གྲོས་དོན་ལ་དམིགས་ནས་སློབ་སྦྱོང་དང་བསམ་བློ་བརྗེ་རེས་ཟབ་མོ་བྱས།
མིག་སྔར། ནུས་ཁུངས་གསར་པ་དེ་འཛམ་གླིང་གི་ལྗང་མདོག་ཚུལ་སྒྱུར་གྱི་ལྟེ་བའི་སྒུལ་ཤུགས་སུ་གྱུར་ཡོད། ཀྲུང་གོས་ནུས་ཁུངས་ཐཱན་ཉུང་འཕེལ་རྒྱས་ཀྱི་མཆོང་སྐྱོང་རྣམ་པའི་ཐོད་བརྒལ་མངོན་འགྱུར་བྱས་ཏེ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་ནུས་ཁུངས་གསར་པའི་མཉམ་ལས་སྤེལ་བར་རྨང་གཞི་བརྟན་པོར་བཏིངས་ཡོད། མཚོ་སྔོན་ཀྲུང་ཧྭའི་ཆུ་གཏེར་དང་འཛམ་གླིང་གི་སྣེ་གསུམ་པ་ཡིན་པའི་ཆ་ནས། ཆུ་དང་འོད་ཕུན་སུམ་ཚོགས་ཤིང་། རླུང་བཟང་བ་དང་། ས་རྒྱ་ཆེ་བ་བཅས་ཀྱི་འཛམ་གླིང་རིམ་པའི་དག་གཙང་ནུས་ཁུངས་ཀྱི་དགེ་མཚན་ལྡན་པས། དག་གཙང་ནུས་ཁུངས་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་བརྒྱ་ཆའི་དགུ་བཅུ་ལས་བརྒལ་ནས་རྒྱལ་ཁབ་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་སྔོན་ལ་འཛུགས་སྐྲུན་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་བཞིན་པའི་སྒང་ཡིན་ལ། ཐཱན་གཉིས་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་མཐོ་ས་གལ་ཆེན་ཞིག་ཡིན། འོད་ནུས་ཁུལ་ནས་གསོག་ནུས་རྟེན་གཞི་དང་དེ་ནས་རིག་སྟོབས་གློག་དྲ་བཅས་མུ་ཕྲེང་ཡོངས་ཀྱི་ཐོན་ལས་རྣམ་པར་བརྟེན་ནས་མཚོ་སྔོན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སློབ་མ་རྣམས་ཀྱིས་ལག་རྩལ་སློབ་སྦྱོང་དང་དོན་འཁྱོལ་ལ་ལྟ་བ། མཉམ་ལས་ལ་གྲོས་མོལ་བྱེད་པའི་ཕུགས་བསམ་ཀྱི་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཐེངས་འདིའི་ཞིབ་འཇུག་གསོ་སྦྱོང་འཛིན་གྲྭའི་དུས་ཡུན་ཉིན་བཅུ་བཞི་ཡིན་པ་དང་། སློབ་ཁང་སློབ་ཁྲིད་དང་ཡུལ་དངོས་ལྟ་ཞིབ་ཀྱི་སློབ་ཁྲིད་བྱེད་ཐབས་སྤྱད་དེ་འོད་ནུས་དང་ས་འོག་ཚ་ནུས། ཚྭ་མཚོ། གསོག་ནུས་སོགས་ནུས་ཁུངས་གསར་པའི་ལག་རྩལ་གཙོ་བོ་དང་དེ་བཞིན་ལྗང་མདོག་རྩིས་ནུས་དང་གཞི་གྲངས་ཆེན་པོ་སོགས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་འབྲེལ་ཡོད་ཁྱབ་ཁོངས་ལ་དམིགས་ནས་ཆེད་དོན་འཆད་ཁྲིད་ཐེངས་བཅུ་གཅིག་དང་ཆེད་དོན་བགྲོ་གླེང་ཐེངས་བརྒྱད་བཀོད་སྒྲིག་བྱས་ཡོད། གསོ་སྦྱོང་ལ་ཞུགས་མཁན་རྣམས་ཀྱིས་ད་རུང་ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་གླིང་ཁུལ་དང་ཁེ་ལས་ལ་ལྟ་ཞིབ་བྱེད་རྒྱུ་ཡིན་པ་དང་། ལག་རྩལ་ཞིབ་འཇུག་གསར་སྤེལ་ནས་ཐོན་ལས་དོན་འཁྱོལ་བར་གྱི་མུ་ཕྲེང་ཡོངས་ཀྱི་འཕེལ་རྒྱས་རྣམ་པར་རྒྱུས་ལོན་ཟབ་མོ་བྱས་ཏེ་ལག་རྩལ་ཞིབ་བསྡུར་དང་མཉམ་མྱོང་བརྗེ་རེས་ཁྲོད་འཕེལ་རྒྱས་ལ་གྲོས་མོལ་བྱེད་རྒྱུ་རེད།
ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཚོང་དོན་ཐིང་གིས་རང་ཞིང་གི་ཐོན་ལས་ཐོན་ཁུངས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱལ་སྤྱིའི་གསོ་སྦྱོང་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱིས་ཕྱི་ལ་རོགས་སྐྱོར་བྱེད་པའི་གསོ་སྦྱོང་ཐེངས་ཉེར་གསུམ་སྤེལ་བ་དང་། དེ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་བརྒྱད་ཅུ་ལྷག་དང་། དཔོན་དམག་དང་ལག་རྩལ་མི་སྣ་དྲུག་བརྒྱ་ལྷག་ལ་ཁེབས་ཡོད། མ་འོངས་པར་རང་ཞིང་གིས་མུ་མཐུད་དུ་ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་བརྗེ་རེས་སྟེགས་བུ་བཙུགས་ཏེ་སྒོ་འབྱེད་ཀྱི་རྣམ་པ་དང་དངོས་གཉེར་གྱི་འགུལ་སྐྱོད་ལ་བརྟེན་ནས་རྒྱལ་ཁབ་སོ་སོ་དང་མཉམ་དུ་དག་གཙང་ནུས་ཁུངས་ལག་རྩལ་དང་འཇོན་མི། ལས་གཞི་སོགས་ཕྱོགས་ནས་མཉམ་ལས་གཏིང་ཟབ་བྱས་ཏེ་ལྗང་མདོག་གི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ལ་སྐུལ་འདེད་གཏོང་རྒྱུ་རེད།