ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱ་བར་ཆེད་དོན་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ5པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་རྟོག་ཞིབ་ཚན་ཆུང་གིས། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པར་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱ་བའི་གནས་ཚུལ་སྙན་ཞུར་ཕུལ། སྙན་ཞུ་ལས་མངོན་པ་ལྟར་ན།  “ལོ་ལྔ་སྐོར་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་ལག་བསྟར་བྱས་པ་ནས་བཟུང་། བཅའ་ཁྲིམས་ཁྱབ་གདལ་བྱ་བའི་སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་ཇེ་མཐོར་ཕྱིན་པ་དང་། སྤྱི་ཡོངས་ཀྱི་ཕན་འབྲས་བློ་ཡིད་ཚིམ་ཚད་བརྒྱ་ཆའི་གོ་གཉིས་གྲངས་ཆུང་ཐིག་གཅིག་ལ་སླེབས་ཏེ། ཁྲིམས་སྐྱོང་གི་རྨང་གཞི་སྔར་ལས་ཇེ་བརྟན་དུ་སོང་ཡོད།

ད་ལོའི་ཟླ4པར། ཆེད་དོན་རྟོག་ཞིབ་ཚན་ཆུང་མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཡུལ་དངོས་རྟོག་ཞིབ་ལ་སོང་ནས།  བཞུགས་མོལ་ཚོགས་འདུ་བསྡུས་པ་དང་དེ་བཞིན་ཡིག་ཐོག་ནས་རྟོག་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རང་རེའི་ཞིང་ཆེན་གྱི“ལོ་ལྔ་སྐོར་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་འཆར་འགོད་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ཁྱབ་གདལ་གྲོས་ཆོད་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས། རྟོག་ཞིབ་སྙན་ཞུའི་ནང་བསྟན་དོན། རང་རེའི་ཞིང་ཆེན་གྱི་བཅའ་ཁྲིམས་ཁྱབ་གདལ་བྱ་བས་ཆབ་སྲིད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་དང་། ས་ཁོངས་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་མ་ལག་འཛུགས་པར་གཅིག་འདོམས་བྱེད་པ། འགོ་ཁྲིད་ལས་བྱེད་པ་དང་གཞོན་ནུ་ལོ་ཆུང་། གཞི་རིམ་མང་ཚོགས་སོགས་འགག་རྩའི་ཚོགས་སྤྱིར་དམིགས་ཏེ། དམངས་ཡོངས་ཀྱི་ཁྲིམས་སྐྱོང་བྱང་ཚད་ཇེ་མཐོར་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་ནས་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་དང་། ཁྲིམས་སྐྱོང་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་སྲུང་བྱེད་པ། མཐོ་སྒང་གི་ཞིང་ཆེན་གྱི་གནས་ཚུལ་ལ་རྐང་ཚུགས་པར་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བཅའ་ཁྲིམས་ཁྱབ་གདལ་གྱི་མ་དཔེ་གཏོད་པ། གཞི་རྟེན་གནས་ཡུལ་གསར་གཏོད་དང་ལངས་གཟུགས་ཀྱི་ཁྲིམས་སྐྱོང་ཁྱབ་སྤེལ་མ་ལག་འཛུགས་པ། གོང་འོག་འབྲེལ་མཐུད་དང་གཡས་གཡོན་མཉམ་འགུལ། མཐུན་སྦྱོར་ཤུགས་སྣོན་བཅས་ཀྱི་བཅའ་ཁྲིམས་ཁྱབ་གདལ་བྱ་བའི་འགྲིལ་ཤུགས་ཆགས་པར་བྱེད་དགོས།

རྟོག་ཞིབ་བྱེད་པའི་རིང་ལ་ཤེས་རྟོགས་བྱུང་བའི“བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཐད་ཧེ་བག་ཡོད་པ་དང་། བཅའ་ཁྲིམས་ཁྱབ་གདལ་གྱི་དངོས་ཕན་རང་བཞིན་གྱིས་སྔར་བཞིན་མི་འདང་བ། ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་མཉམ་འདྲེས་ཀྱིས་མི་འདང་བ”སོགས་ཀྱི་གནད་དོན་ལ་དམིགས་ཏེ། རྟོག་ཞིབ་ཚན་ཆུང་གིས《མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་སྲོལ་ཡིག》གི་ཁྲིམས་འཛུགས་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས། བཅའ་ཁྲིམས་ཁྱབ་གདལ་བྱ་བའི་འགྱུར་མེད་ཚོད་འཛིན་ལ་མུ་མཐུད་ཤུགས་སྣོན་པ་དང་། ཁྱད་པར་ཅན་གྱི་བཅའ་ཁྲིམས་ཁྱབ་གདལ་བྱེད་སྟངས་གཏན་འབེབས་བྱེད་པ། སྨྱན་སྦྱོར་ཡོངས་ཀྱི་རིག་ལྡན་བཅའ་ཁྲིམས་ཁྱབ་གདལ་གྱི་གནས་ཡུལ་རིམ་སྤོར་བྱེད་པ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བཅའ་ཁྲིམས་ཁྱབ་གདལ་གྱི་སྤུས་རྟགས་གཏོད་པ། གཞི་རིམ་གྱི་བཅའ་ཁྲིམས་ཁྱབ་གདལ་གྱི་ཞན་ཆ་གསབ་པ། “ལོ་ལྔ་སྐོར་དགུ་པའི”བཅའ་ཁྲིམས་ཁྱབ་གདལ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས་པའི་གྲོས་འགོ་བཏོན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།