ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་ལམ་ཚོགས་འདུ་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ5པའི་ཚེས30ཉིན། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་ལམ་ཚོགས་འདུ་གྲོལ་རྗེས། རང་རེའི་ཞིང་ཆེན་གྱིས་འཕྲལ་དུ་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་ལམ་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཙུང་ལི་ལི་ཆང་གི་མཆན་བཀོད་བླང་བྱ་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་གཞིར་བཟུང་ནས། དེང་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ཆུ་ལོག་སྔོན་འགོག་གི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་།  ལག་བསྟར་དོན་འཁྱོལ་གྱི་བྱེད་ཐབས་བཀོད་སྒྲིག་བྱས། ཞིང་ཆེན་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ལུའོ་ཏུང་ཁྲོན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ལ་དོན་དག་ཆུང་ཆུང་མིན་པ་དང་། དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་ཅིང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་གི་ཁྱོན་ཡོངས་དང་འབྲེལ་བ་དམ་པོ་ཡོད། དེང་སྐབས་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་སྣ་ཚོགས་ཧ་ཅང་མང་བའི་དུས་སུ་སླེབས་པའི་ཁར། ད་ལོའི་ཆུ་འབྲུབ་དུས་སྐབས་སུ་རང་རེའི་ཞིང་ཆེན་གྱི་གནམ་གཤིས་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བར་བརྟེན། བདེ་འཇགས་ཐོན་སྐྱེད་དང་ཆུ་ལོག་སྔོན་འགོག་གི་གནས་བབ་ཧ་ཅང་ཛ་དྲག་ཆེ། ས་གནས་དང་སྡེ་ཁག་སོ་སོས་བདེ་འཇགས་ཐོན་སྐྱེད་དང་ཞོད་འགོག་བྱ་བ་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲི་འཁུར་སེམས་དང་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཆེ་རུ་གཏོང་བ་དང་། ལས་འཛོལ་གྱི་བསླབ་བྱ་དང་ལེན་ནན་མོ་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་མཁྲེགས་གཏོར་གྱི་ལོ་གསུམ་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ནས། འགན་འཁྲི་སྔར་ལས་ཇེ་དམ་དུ་གཏོང་བ་དང་བྱེད་ཐབས་སྔར་ལས་ནུས་ལྡན་སྤྱོད་པ། འགལ་རྐྱེན་ལ་སྔར་ལས་ཞིབ་ཚགས་སྒོས་ཞིབ་བཤེར་བྱེད་པ་བཅས་བྱས་ཏེ། འཕེལ་རྒྱས་གཏོང་བར་བདེ་འཇགས་བློས་གཏོང་རྒྱུ་དེ་མ་མཐའི་ཚད་མཐའ་རུ་འཛིན་མི་རུང་བ་དམ་པོར་བསྲུང་དགོས།

ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནན་མོ་བྱས་ཏེ། གཏེར་རི་དང་ཚོན་སྦག འགྲིམ་འགྲུལ་སྐྱེལ་འདྲེན། བཟོ་བཀོད་ཨར་ལས། ཉེན་ཡོད་རྫས་འགྱུར་དངོས་རྫས། མེ་ཟོན་བདེ་འཇགས། བཟོ་ཚོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། མུ་ཕྲེང་ཧྲིལ་པོ་དང་མཐིལ་རྟོགས་རྣམ་པའི་བདེ་འཇགས་ལྟ་སྐུལ་དོ་དམ་དང་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྐྱོང་བྱེད་པའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་ཉེན་ཁ་ངོས་འཛིན། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། དུས་ཐོག་ཏུ་ཐག་གཅོད་བྱེད་པ། བཀག་སྡོམ་དོ་དམ་དུས་ཐོག་ཏུ་ཐག་གཅོད་བྱས་ནས། ལས་འཛོལ་ཚབས་ཆེན་མི་འབྱུང་བར་འགོག་ཟོན་མཐའ་གཅིག་ཏུ་བྱེད་དགོས། “ཁྲིམས་འགལ་ལ་རྡུང་རྡེག་གཏོང་བ་དང་ཁྲིམས་འགལ་གྱི་སྦྱོར་བ་བཅོས་སྐྱོང་བྱེད་པའི”བྱ་སྤྱོད་ཤུགས་ཆེན་པོས་སྤེལ་ཏེ། རྡོ་སོལ་ལྐོག་ཏུ་སློག་པ་དང་བདེ་འཇགས་ལྟ་སྐུལ་ཚོད་འཛིན་རྫུན་བཟོ། ཉེན་ཡོད་རྫས་འགྱུར་དངོས་རྫས་ཀྱི་ནག་ཚང་སོགས་ཁྲིམས་མིན་ཁྲིམས་འགལ་དང་རྫུན་སྒྲིག་རྫུན་བཟོའི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་དང་ཆད་པ་ནན་མོ་བཅད་དེ། ཉེས་ཆད་ལག་བསྟར་བྱེད་པའི་འབྲེལ་མཐུད་ལ་ཤུགས་སྣོན་དགོས། ཆུ་ལོག་ཆེན་པོ་སྔོན་འགོག་དང་ཉེན་ཁ་ཆེན་པོ་འགོག་པ། གནོད་འཚེ་ཆེན་པོ་སྐྱོབ་པ། ཆུ་ལོག་བདེ་འཇགས་ངང་སྒྲོལ་བ། ས་གཤིས་གནོད་འཚེ་འགོག་ཟོན་བྱ་རྒྱུ་བཅས་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས། ཆར་ཆུ་དང་ཆུ་ལོག་གི་གནས་ཚུལ། ཆུའི་གནས་ཚུལ། ཐན་པའི་གནས་ཚུལ། ས་གཤིས་གནོད་འཚེའི་ཉེན་ཁའི་འགྱུར་ལྡོག་བཅས་ལ་དུས་ཐོག་དང་གནད་ལ་འཁེལ་བའི་སྒོ་ནས་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་རྒྱུ་དང་།  འཕྲལ་བསྟུན་ལམ་སྲོལ་དོན་འཁྱོལ་བྱེད་པ། “ལྔ་ལྔའི”ལས་དོན་སྒྲུབ་ཐབས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ། གཙོ་གནད་གནས་ཡུལ་ལ་དམིགས་ནས་དྲ་འཐེན་རྣམ་པའི་གྲལ་བཤེར་བྱེད་པ། ཤེས་རྟོགས་བྱུང་བའི་མངོན་མེད་རྐྱེན་ངན་དུས་བཅད་ནང་བཅོས་སྒྲིག་དང་འགུལ་རྣམ་གཙང་སེལ་བྱེད་པ་བཅས་བྱས་ཏེ། རོགས་སྐྱོབ་སྟོབས་ཤུགས་དང་དངོས་ཟོག་སྔོན་བཀོད་བྱ་བ་ཡག་པོར་སྒྲུབ་པ་དང་། དགོས་ངེས་ཀྱི་སྐབས་སུ་འཕྲལ་ཐག་ཆོད་པོས“སྒོ་རྒྱག་པ་དང་མཚམས་འཇོག་པ། ཕྱིར་འཐེན་བྱེད་པ། གནས་སྤོ་བ། སྐོར་ཞིབ་བྱེད་པ”བཅས་ཀྱི་བྱེད་ཐབས་སྤྱད་དེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས།

ལུའོ་ཏུང་ཁྲོན་གྱིས་ས་གནས་དང་སྡེ་ཁག་སོ་སོས་དཔལ་འབྱོར་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུ་ནི་སྲིད་འབྲས་ཡིན་པ་དང་། བརྟན་བརླིང་དམ་འཛིན་དང་བདེ་འཇགས་འགན་ལེན་བྱ་རྒྱུ་དེའང་སྲིད་འབྲས་ཡིན་པར་ངོས་འཛིན་ཡང་དག་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་ཁྲིད་སྟོན་དུ་བཟུང་ནས། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་ལེགས་པའི་སྒོ་ནས་གཅིག་འདོམས་བྱེད་པ་དང་། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་གཅིག་ཏུ་བརྟན་པོ་ཆགས་པར་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་དང་ལས་རིགས་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ལས་ཁུངས་ཀྱི་གཙོ་གཞིའི་འགན་འཁྲི་བཅས་ལ་ཤུགས་སྣོན་པ།  རིམ་པ་སོ་སོ་དང་ལས་གནས་སོ་སོའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་གསལ་ཐོ་ཇེ་ཞིབ་ཏུ་བཏང་ནས། བདེ་འཇགས་ཐོན་སྐྱེད་འགན་འཁྲི་དེ་ཉིན་རྒྱུན་ཁྲོད་འདྲེས་པར་བྱེད་པ་དང་། རྒྱུན་ལྡན་དུ་དམ་འཛིན་བྱེད་དགོས།དམའ་སར་ཕྱོགས་པ་དང་དམའ་ས་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འགོ་ཁྲིད་ཀྱིས་ལས་རེས་སྣེ་ཁྲིད་དང་ཆུ་ཚོད24རིང་གི་འཕྲལ་བསྟུན་ལས་རེས་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། འཕྲལ་བསྟུན་སྔོན་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་འཕྲལ་བསྟུན་འཁྲབ་སྦྱོང་བྱེད་པ། ཐོལ་བྱུང་གནས་ཚུལ་གལ་ཆེན་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་ཡག་པོ་བྱེད་པ་བཅས་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་བླང་བྱ་སྔར་ལས་ནན་མོ། བྱེད་ཐབས་སྔར་ལས་ཏན་ཏིག་བཅས་ཀྱི་ཐོག་ནས་བདེ་འཇགས་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་དང་བརྟན་བརླིང་གི་ཁོར་ཡུག་ཅིག་བསྐྲུན་དགོས་པའི་བླང་བྱ་བཏོན།

ཀྲང་ཅིན་ཀང་གིས་ཚོགས་འདུར་འགོ་འཛིན་བྱས་པ་དང་། ལིའུ་ཐའོ་དང་དབྱང་ཀྲི་ཝུན། ལིའུ་ཁྲའོ། ལི་ཧུང་ཡ། ཝང་ཧའེ་ཧུང་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།