ལི་ཆང་གིས་བདེ་འཇགས་ཐོན་སྐྱེད་བྱ་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་ལམ་ཚོགས་འདུ་ཟླ5པའི་ཚེས30ཉིན་པེ་ཅིང་དུ་བསྡུས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཉེ་སྔོན་བདེ་འཇགས་ཐོན་སྐྱེད་བྱ་བ་ལེགས་པོར་བསྒྲུབ་པའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས། ད་ལོའི་ཚུན་དུ། ས་གནས་དང་ལས་རིགས་ཁྱབ་ཁོངས་ཁག་ཅིག་ཏུ་ལས་འཛོལ་ཡང་ཡང་བྱུང་ནས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པའི་བསླབ་བྱ་ཧ་ཅང་གཏིང་ཟབ་ཡིན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལྟར། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་ལུགས་འགལ་དང་མི་བདེན་རྫུན་སྒྲིག་སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱས་ནས། ཟིལ་ཤུགས་དང་བཀག་སྡོམ་གྱི་ཕན་འབྲས་འདོན་སྤེལ་ནུས་ལྡན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་གཟབ་ནན་བྱས་ཏེ་སྐྱོན་ཆུང་དུས་ནས་སེལ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གཏེར་རི་དང་། ཚོན་སྦག འགྲིམ་འགྲུལ་སྐྱེལ་འདྲེན། བཟོ་སྐྲུན་ཨར་ལས་སོགས་གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ཀྱི་མུ་ཕྲེང་ཧྲིལ་པོ་དང་། མཐིལ་རྟོགས་རྣམ་པའི་བདེ་འཇགས་ལྟ་སྐུལ་དོ་དམ་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་གཏིང་རིམ་དུ་གནས་པའི་འགལ་བ་དང་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་བཅད་ནས།  འགན་འཁྲི་གཟབ་ནན་དུ་གཏོང་བ་དང་དོན་འཁྱོལ་དམ་འཛིན་བྱས་ཏེ། ལས་འཛོལ་ཚབས་ཆེན་དང་རྒྱུན་དུ་འབྱུང་བའི་དོན་རྐྱེན་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། མིག་སྔར་ཆུ་རྒྱས་པའི་དུས་སྐབས་ཡིན་པ་དང་། ཞོད་འགོག་རྒུད་སྐྱོབ་ཀྱི་གནས་བབ་རྙོག་འཛིང་ཆེ་ཞིང་ཛ་དྲག་ཡིན་པས། ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་དང་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན། གྲོས་མོལ་ཞིབ་གཅོད་དང་འཕྲལ་བསྟུན་གྲ་སྒྲིག་བྱེད་དགོས་ལ། དོན་རྐྱེན་གནོད་འཚེའི་འགོག་རགས་ཇེ་བརྟན་དུ་གཏོང་བ་དང་ཉེན་སེལ་རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་གཏན་འཇགས་ལ་སྲུང་སྐྱོང་བྱེད་དགོས་ཞེས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཝང་ཞའོ་ཧུང་གིས་ཚོགས་འདུར་འགོ་འཛིན་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།