ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་ཀྱི་རྨང་གཞིའི་སློབ་གསོའི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5པའི་ཚེས29ཉིན་གྱི་ཕྱི་དྲོར།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།   ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་སུ་རྨང་གཞིའི་སློབ་གསོའི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད།  དྲུག་གཅིག་གི་འཚམས་འདྲི་ཞུས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ན་ཆུང་བྱིས་པ་རྣམས་ལ་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་།    རྒྱ་ཆེའི་དགེ་རྒན་དང་ན་ཆུང་བྱིས་པའི་བྱ་བ་སྒྲུབ་མཁན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས།  ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་།   ཀུན་སྤྱོད་ལ་བརྟེན་ནས་མི་གཞི་སྐྱོང་བའི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་ལ།   འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་འཕེལ་རྒྱས་ལ་གཅིག་འདོམས་སྐུལ་འདེད་བཏང་སྟེ། སློབ་གསོ་བཅོས་སྒྱུར་གྱི་འཕེལ་རྒྱས་གྲུབ་འབྲས་ཀྱིས་སྔར་ལས་ལྷག་ཅིང་སྔར་ལས་འདྲ་མཉམ་སྒོས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཕན་བཏགས་ནས་མི་དམངས་ཡིད་ཚིམ་པའི་སློབ་གསོ་ལེགས་པོར་གཉེར་དགོས་ཞེས་ནན་གྱིས་བསྟན།

ཟི་ལིང་གྲོང་ཁྱེར་གྱི་ཞའོ་ཆོན་སློབ་ཆུང་ནི1955ལོར་བཙུགས་པ་དང་། ཉེ་བའི་ལོ་འགའི་རིང་།    སྡེ་ཚོགས་ཅན་གྱི་བཅོས་སྒྱུར་རྣམ་པར་བརྟེན་ནས་སྤྱི་ཁོག་སློབ་སྒྲུབ་སྤུས་ཚད་དང་ཁྱད་ལྡན་མི་སྐྱོང་ཆུ་ཚད་གཏན་འཇགས་སྒོས་ཇེ་མཐོར་སོང་སྟེ། མཁར་ཤར་ཆུས་ཀྱི་རྨང་གཞིའི་སློབ་གསོའི་སློབ་གྲྭ་གལ་ཆེན་ཞིག་ཏུ་གྱུར་ཡོད།   ལུའོ་ཏུང་ཁྲོན་སློབ་གྲྭའི་ནང་དུ་སོང་ནས་སློབ་གསོའི་སློབ་སྒྲུབ་འཕེལ་རྒྱས་གནས་ཚུལ་དང་ན་ཆུང་གདོང་ལེན་རུ་ཁག་འཛུགས་སྐྲུན་བྱ་བའི་ཐད་ཀྱི་སྙན་ཞུ་ལ་ཉན།    ལུས་རྩལ་ར་བའི་ནང་།   བྱིས་པ་རྣམས་ཀྱིས་སྲོལ་རྒྱུན་ཡིག་རིས་དང་འཕྲུལ་མིའི་སྒྲིག་རིམ།    མི་མེད་གནམ་གྲུ་འཕུར་སྐྱོད།   ཚྭ་བརྐོས་བརྩམས་ཆོས་གསར་རྩོམ་སོགས་ཕུན་ཚོགས་སྣ་མང་གི་ཚོགས་པའི་བྱེད་སྒོ་སྤེལ་བཞིན་ཡོད།   ལུའོ་ཏུང་ཁྲོན་གྱིས་སྤྲོ་བ་ཡོད་པའི་སྒོ་ནས་བྱེད་སྒོར་བལྟས་པར་མ་ཟད།    ཡུལ་དངོས་ནས་བྱེད་སྒོའི་ཁྲོད་ཞུགས་ཏེ་བྱིས་པ་རྣམས་དང་མཉམ་དུ་བརྩེ་བས་བསམ་བློ་བརྗེ་རེས་བྱས་པ་དང་།    ཁོ་ཚོའི་སློབ་སྦྱོང་དང་འཚོ་བ།  འཚར་ལོངས་ཀྱི་ཐོབ་ཚོར་བཅས་ཐད་ནས་ཞིབ་ཏུ་དྲིས།   བྱིས་པ་རྣམས་ཀྱི་སྐྱེ་སྟོབས་ལྡན་ཞིང་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་མཐོང་ནས་ལུའོ་ཏུང་ཁྲོན་དགའ་སྤྲོ་ཆེན་པོ་སྐྱེས་པ་དང་།    ཚང་མས་ཆུང་དུས་ནས་བཟུང་ཕུགས་བསམ་ཆེན་པོ་ཡོད་པར་བྱེད་པ་དང་། ཁྱིམ་ཚང་དང་རྒྱལ་ཁབ་ལ་བརྩེ་བ་ཟབ་མོ་བཅངས་པ།   གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ།  ཀུན་སྤྱོད་བཟང་བོ་གསོ་སྐྱོང་བྱེད་པ།   དཀའ་བ་ཆེན་པོས་ཤེས་བྱ་སློབ་སྦྱོང་བྱེད་པ།    ལུས་ཕུང་བདེ་ཐང་སྦྱོང་བརྡར་བཅས་བྱས་ནས་ཀུན་སྤྱོད་དང་ཤེས་རིག   ལུས་རྩལ། མཛེས་དཔྱོད།  ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་དུས་རབས་གསར་པའི་ན་ཆུང་བཟང་བོར་འགྱུར་བར་བྱེད་དགོས་པའི་སྐུལ་ལྕག་གནང་།

རྟོག་ཞིབ་ཁྲོད།   ལུའོ་ཏུང་ཁྲོན་གྱིས་བློ་བརྟན་འགྱུར་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྤྱད་དེ་བློ་སྒྲིལ་མི་སྐྱོང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སློབ་གསོར་ཤུགས་སྣོན་པ།    སློབ་མ་རྣམས་ཀྱིས་ཕུགས་བསམ་དད་མོས་བརྟན་པོ་ཆགས་པར་ཁྲིད་སྟོན་བཅས་བྱས་ནས། ནམ་ཡང་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས།   རྒྱུན་ཆད་མེད་པར་སློབ་གསོ་སློབ་ཁྲིད་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་བྱང་ཚད་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ།    རིག་ཚན་ལག་ལེན་ལ་ཤུགས་སྣོན་པ།   སློབ་བསྟུན་སློབ་ཁྲིད་དོན་འཁྱོལ་བྱེད་པ།    སློབ་ཁྲིད་ཇུས་འགོད་དང་སློབ་ཁྲིད་བྱེད་ཐབས་གསར་གཏོད་བྱེད་པ།   རྒྱུན་རྣམ་ཅན་གྱི་སྒོ་ནས་རང་བྱུང་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཉམས་ལེན་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་།   མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ།  ཚན་རྩལ་གསར་སྐྲུན་ཐད་ཀྱི་ལག་ལེན་སོགས་བྱེད་སྒོ་སྤེལ་ནས་སློབ་གྲྭའི་སློབ་སྒྲུབ་ཁྱད་ཆོས་མངོན་པའི་སློབ་ཁྲིད་མི་སྐྱོང་མ་ལག་མགྱོགས་མྱུར་སྒོས་བསྐྲུན་དགོས།    བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་སློབ་གསོ་པའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ།   དུས་རབས་གསར་པའི་དགེ་རྒན་གྱི་སྤྱོད་ཚུལ་འཛུགས་སྐྲུན་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་དར་སྤེལ་གཏོང་དགོས།   སློབ་གླིང་གི་བདེ་འཇགས་ཆུ་ཚད་སྲ་བརྟན་ཇེ་མཐོར་གཏོང་བ་དང་།  སེམས་ཁམས་བདེ་ཐང་སློབ་གསོ་དང་བྱིས་པའི་ཁེ་དབང་འགན་སྲུང་སོགས་ཀྱི་བྱ་བ་སྣ་ཚོགས་ཏན་ཏིག་གིས་ལེགས་པོར་བསྒྲུབ་ནས་སློབ་མའི་ལུས་སེམས་བདེ་ཐང་དང་བདེ་འཇགས་སྤྲོ་སྐྱིད་ཀྱིས་འཚར་ལོངས་འབྱུང་བར་འགན་སྲུང་ལེགས་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།  

རྟོག་ཞིབ་སྐབས་སུ།    ལུའོ་ཏུང་ཁྲོན་སློབ་གྲྭའི་ན་ཆུང་གདོང་ལེན་རུ་ཁག་ནང་ཞུགས་པའི་མཛད་སྒོར་ཞུགས་ཏེ་རུ་མི་གསར་པར་སྐེ་དཀྲིས་དམར་པོ་བཏགས་པར་མ་ཟད།   དམ་བཅའ་འཇོག་པར་བདེན་དཔང་བྱས།

དབྱང་ཀྲི་ཝུན་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།