ཏང་གི་རྗེས་སུ་འབྲངས་ན་འཚོ་བ་བདེ་ཞིང་སྐྱིད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཏང་ཡོན་དང་མང་ཚོགས་རྣམས་ཀྱིས་དཔུང་པ་མཉམ་གཤིབ་ངང་གཞི་རིམ་དུ་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་ལས་ལ་བྲེལ་བ་དང་། སྒོ་རའི་ནང་ཚང་མ་མཉམ་དུ་བསྡད་ནས་འགལ་རྩོད་འདུམ་འགྲིག་དང་ཐོན་ལས་འཕེལ་རྒྱས་ཀྱི་ཇུས་འགོད་ལ་གྲོས་མོལ་བྱེད་ཀྱིན་འདུག

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སྡེ་བ་རིམ་པའི་ཏང་རྩ་འཛུགས426གིས་གཞི་རྒྱ་ཆེན་པོའི་སྒོ་ནས་མང་ཚོགས་རྣམ་རང་འགུལ་ངང་སྡེ་བ་རིམ་པའི་ལས་དོན་སོ་སོར་ཟབ་ཞུགས་བྱེད་པར་སྐུལ་སློང་བྱས་ནས། མི་རིགས་སོ་སོའི་མང་ཚོགས་ཀྱིས“བཤད་པ་ཚིག་ཐོག་དང་སྒྲུབ་པ་དོན་ཐོག”གིས་ཐུན་མོང་འཛུགས་སྐྲུན་དང་མཉམ་སྤྱོད་ཁྲོད་རིན་ཐང་གི་ངོས་འཛིན་གཅིག་མཐུན་ཡོང་བ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་མཉམ་སྤྱོད་ཐུབ་པ་བྱས་ཡོད།

“ལྟད་མོ་པ”ནས“བདག་པོའི”བར་ཐོབ་ཐང་འགྱུར་བ་དེས་མང་ཚོགས་བདག་པོའི་གོ་གནས་སུ་གྱུར་པ་མཚོན། མཚོ་ལྷོ་ཁུལ་གྱིས“ཅན་བཅུའི”ཏང་འཛུགས་སྐྲུན་མགོ་རྩོམ་ས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མང་ཚོགས་ལམ་ཕྱོགས་ཀྱི་ལག་ལེན་གནས་ཚད་དེ་གཏན་འཁེལ་བྱས་ནས“དམངས་ལ་ཞབས་འདེགས་ཞུ་བའི”ཐོག་མའི་བསམ་འདུན་དེ་ཏང་འཛུགས་སྐྲུན་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཡོངས་སུ་ཁྱབ་ཏུ་བཅུག་ཡོད།

གྲོང་གསེབ་དང་འབྲོག་ཁུལ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་བཏང་བ།

ད་ལྟའི་ཞིན་ཧའེ་རྫོང་རྩི་གོར་ཐང་གྲོང་རྡལ་མཚོ་འཁྱིལ་སྡེ་བའི་ཕྱིའི་ཁོར་ཡུག་གཙང་ཞིང་སྡོད་ཁང་དང་བགྲོད་ལམ་གྲ་དག་ལ། སྡེ་མི་དག་གི་གདོང་ལ་འཛུམ་གྱིས་ཁེངས་ཤིང་། སེམས་ལ་དྲོད་ཀྱིས་བརྟས་པའི་སྡེ་མི་ཚོས་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་གླེང་བཞིན་ཡོད།

ཧྲེ10དང་མི1557ཡོད་པའི་གནས་སྤོར་སྡེ་གསར་འདི་ནི།  སྔོན་ཆད་རྨོ་ཞིང་ས་རྒོད་ཡིན་པ་དང་། ཐོན་ལས་ཁ་ཐོར་ཡིན་པ། ཐུན་མོང་དཔལ་འབྱོར་སྟོང་ཆར་ལུས་པ། ན་གཞོན་རྣམས་ཕྱི་ཡུལ་འགྲིམ་པ། མང་ཚོགས་ཀྱི་ཡོང་འབབ་ཉུང་བ་བཅས་ཀྱི་དཀའ་ངལ་མང་པོར་འཕྲད་ཡོད་པ་སུས་ཀྱང་བློ་ཡིད་ལས་འགོངས་པ་ཞིག་རེད།

2026ལོའི་ཟླ3པའི་ཟླ་མགོར“ཅན་བཅུའི”ཏང་འཛུགས་སྐྲུན་དེ་མཚོ་ལྷོ་ཁུལ་དུ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ཞིང་། མཚོ་འཁྱིལ་སྡེ་བས་བྱ་བའི་བླང་བྱ་དམ་པོར་གཞིགས་ནས་ཀྲི་པུའུ་ཡིས་སྣེ་ཁྲིད་པ་དང་། མང་ཚོགས་ཟབ་ཞུགས་བྱེད་པ། ཐོན་ལས་སླར་གསོ་བྱེད་པ། དམངས་འཚོའི་མཐའ་ཚད་སྲུང་བ་བཅས་རྒྱུན་འཁྱོངས་བྱས་ནས། “ཏང་འཛུགས་སྐྲུན+ཐོན་ལས+བཅོས་སྐྱོང+རིག་གནས”བཅས་ཀྱི་གྲོང་གསེབ་དར་སྤེལ་གྱི་ཐབས་ལམ་གསར་པ་ཞིག་རྙེད།

འགུལ་སྐྱོད་ཐད། སྡེ་བའི་ནང་དུས་བཅད་ལྟར་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་ནས་ཏང་ཡོན་ལས་བྱེད་པ་དང་སྡེ་མིར་གཟབ་ནན་གྱི་མཛད་སྒོའི་ཁྲོད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱེད་དུ་བཅུག་སྟེ། རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་ནས། ཏང་གི་བཀའ་དྲིན་ཤེས་པ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་ཇེ་བརྟན་དུ་བཏང་།

བྱེད་ཐབས་ཐད། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མི་དང་ཏང་ཡོན་ཡོངས་ཀྱིས་སྣེ་ཁྲིད་དེ་དཔེ་སྟོན་པ་དང་། སྣེ་ཁྲིད་དངོས་སྒྲུབ་བྱེད་པ། ཚོགས་འདུ་ཆེ་ཆུང་གང་མང་བསྡུས་ནས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་དྲིལ་སྒྲོག་བྱེད་པ་དང་། དམངས་དོན་དམངས་ཀྱིས་འདོན་པ་དང་། དམངས་དོན་དམངས་ཀྱིས་གྲོས་བྱེད་པ། དམངས་དོན་དམངས་ཀྱིས་ཐག་གཅོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་རྣམས་གྲོང་གསེབ་འཕེལ་རྒྱས་ཀྱི་བདག་པོ་ངོ་མར་གྱུར་ཏུ་བཅུག

ཡོང་འབབ་སྐྲུན་པའི་ཐད། ལས་གཞིའི་མ་དངུལ་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། བཟོ་ཁང་བསྐྲུན་པ་དང་། ཞིང་ལས་འཕྲུལ་ཆས་ཉོ་བ། སྔོ་རྩའི་རྩྭ་ཁང་ལས་པ། མ་དངུལ་རང་གྲབས་ཀྱིས་རྨོ་ཞིང་འཁོར་རྒྱུག་བྱེད་པ། གཞི་ཁྱོན་ཅན་གྱི་མ་རྨོས་ལོ་ཏོག་དང་ནས་བཏབ་ནས། གཟན་ཆས་ལས་སྣོན་ཐོན་ལས་འཕེལ་རྒྱས་བཏང་ལ། ད་ལྟ་སྡེ་བ་འདིའི་ཐུན་མོང་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་བརྟན་འཇགས་ངང་སྒོར་ཁྲི63ལ་སླེབས་ཡོད་པ་དང་། མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར250ལྷག་རེ་འཕར་ནས། ལས་བཟོ་བའི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི28ལྷག་ཡོང་བར་སྣེ་ཁྲིད་བྱས།

མཚོ་འཁྱིལ་སྡེ་བའི་མཛེས་སྡུག་ལྡན་པའི་འགྱུར་ལྡོག་ནི“ཏང་གི་བཀའ་དྲིན་ཤེས་པ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི”འདུ་ཤེས་དེ་མང་ཚོགས་ཀྱི་སེམས་སུ་རྡོ་བརྐོས་རི་མོ་བཞིན་ཤ་རུས་ཀྱི་གཏིང་ལ་ཟུག་ཡོད་པ་དེ་ཡིན་ཞིང་། དེས“ཅན་བཅུའི”ཏང་གི་འཛུགས་སྐྲུན་གྱིས་རོང་འབྲོག་ཁུལ་གྱི་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་པོར་གཏོང་བའི་ཁྲོད་ཐོན་པའི་ནུས་པ་གལ་ཆེན་མངོན་ཡོད།

“སྡེ་བའི་ནང་གི་དོན་དག་ནི་ངའི་དོན་དག་ཡིན”

“ང་ཚོའི་ཏང་ཡོན་གྱིས་སྣེ་ཁྲིད་པ་དང་མང་ཚོགས་ཟབ་ཞུགས་བྱེད་པ་རྒྱུན་འཁྱོངས་དང་། དམངས་འཚོའི་དོན་དངོས་སོ་སོར་དམིགས་པ།ཏང་འཛུགས་སྐྲུན་དང་གྲོང་གསེབ་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། དོན་འཁྱོལ་ཐུབ་པ་དང་ཤེས་ཚོར་ཐུབ་པ། ཞིབ་བཤེར་ཐུབ་པ་བཅས་ཀྱི་བཅོས་སྐྱོང་ཕན་འབྲས་ཐོན་ཡོད”ཅེས་ཀོས་ནན་རྫོང་མང་ར་ཞང་རྨ་ཁའི་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བློ་བཟང་རྒྱ་མཚོ་ཡིས“ཅན་བཅུའི”ཏང་གི་འཛུགས་སྐྲུན་བྱ་བའི་ལས་འགན་དཔེ་རིས་ལ་མཛུབ་མོ་བཙུགས་ནས་དེ་ལྟར་བཤད།

“ཅན་བཅུའི”ཏང་གི་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བའི་ཁྲོད། ཀོས་ནན་རྫོང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་མང་ཚོགས་ལམ་ཕྱོགས་བརྟན་སྲུང་བྱས་པ་དང་། མང་ཚོགས་དང་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་ལས་ཏེ། གཞི་རིམ་བཅོས་སྐྱོང་གི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

“ད་ལྟ་མང་ཚོགས་སྡེ་བ་རིམ་པའི་ལས་དོན་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་གྱི་ཚད་ཧ་ཅང་ཆེན་པོ་ཆགས་ཡོད། འགལ་རྩོད་འདུམ་འགྲིག་དང་ཁོར་ཡུག་བཅོས་སྐྱོང་སོགས་སྔོན་ཆད་སྡེ་བའི་ལས་བྱེད་པས་སྣེ་ཁྲིད་དགོས། ད་ལྟ་ཚང་མས་རང་ཉིད་ཀྱི་བྱ་བར་བརྩིས་ནས་རང་འགུལ་ངང་ཟབ་ཞུགས་བྱེད་པ་དང་། རང་འགུལ་ངང་འགན་འཁུར་གྱིན་ཡོད”ཅེས་བློ་བཟང་རྒྱ་མཚོའི་སྐད་ཆ་ལས་མང་ཚོགས་ཀྱི་བསམ་བློ་འདུ་ཤེས་འགྱུར་ལྡོག་བྱུང་བ་མཚོན་ཡོད།

ཕན་ཚུན་རོགས་རེས་ཚན་ཆུང་གི་ཁོངས་མིས་རྒྱུན་རྣམ་རང་བཞིན་གྱིས“དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཀྱི་བདེ་འཇགས་སྲུང་བ”བཅས་ཀྱི་བྱ་འགུལ་སྤེལ་གྱིན་ཡོད་པར་མ་ཟད།  ཁྱིམ་ཚང་དུ་སོང་ནས་དཔང་ཡིག་སྣ་ཚོགས་ལས་པ་དང་། དཔང་ཡིག་ཁྱིམ་དུ་སྐྱེལ་བ་སོགས་དམངས་ཕན་ཞབས་འདེགས་ཞུ་བཞིན་ཡོད།

འགལ་རྩོད་འདུམ་འགྲིག་ཚན་ཆུང་གི་ཁོངས་མི་གཞི་རིམ་དུ་སོང་ནས་ཁྱིམ་ཚང་གི་འགལ་བ་དང་ཕྱུགས་རིགས་བོར་བརླག་སོགས་ཀྱི་རྩོད་གཞི་སྣ་ཚོགས་ཞིབ་བཤེར་དང་ཐག་གཅོད་བྱས་ཤིང་། བཅོས་སྐྱོང་བྱ་བའི་ལས་སྣེ་གཞི་རིམ་དུ་བསྲིངས་ཏེ་ཁྱོན་ཡོངས་ནས་གཞི་རིམ་བཅོས་སྐྱོང་གི་བྱ་བ་སྒྲུབ་བཞིན་ཡོད།

བསམ་པའི་རིག་གནས་ཚན་ཆུང་གི་ཁོངས་མིས་སྲིད་ཇུས་དྲིལ་སྒྲོག་དང་། རིག་གནས་བྱ་འགུལ། དམངས་ཁྲོད་འགྲན་བསྡུར་བཅས་ཀྱི་བྱེད་སྒོ་སྤེལ་ཞིང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་བྱས་ཏེ། ཁྱིམ་མཚེས་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་ཤུགས་བསྣན།

མཚོ་ལྷོ་ཁུལ་གྱིས་ཞང་གྲོང་དང་སྡེ་བ(སྡེ་ཁུལ)རུ་ཆེད་དོན་ལས་བྱེད་ཚན་ཆུང9བཙུགས་ནས་ཏང་གི་འཛུགས་སྐྲུན་དེ་ཞིབ་ཕྲའི་ལས་དོན་ནང་མཉམ་འདྲེས་བྱས་པ་དང་། སྡེ་བ་རིམ་པའི་ལས་དོན“ལག་པ་རྒྱབ་ལག་གིས་ལྟ་བ”ནས“ཕུ་རུང་བརྫེས་ནས་བྱ་བ་སྒྲུབ་པའི”རྣམ་པར་བསྒྱུར་ཏེ། སྡེ་དམངས་མང་པོ་རང་འགུལ་ངང་ཕ་ཡུལ་འཛུགས་སྐྲུན་གྱི་བྱ་བའི་ནང་ཞུགས་ནས་སྡེ་བ་རིམ་པའི་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། མི་རིགས་སོ་སོའི་མང་ཚོགས་ལ་ཐུན་མོང་བཅོས་སྐྱོང་མཉམ་སྤྱོད་ཁྲོད་ཏང་གི་འཛུགས་སྐྲུན་གྱི་སྣེ་ཁྲིད་ལས་བྱུང་བའི་འགྱུར་ལྡོག་གསར་པ་དངོས་སུ་ཚོར་དུ་བཅུག

“རང་ཉིད་དངོས་སུ་བྱ་བའི་ནང་ཞུགས་ཚེ་ད་གཟོད་གཞི་ནས་ཁྱིམ་གཞིས་ལ་གཅེས་སྐྱོང་དང་། སྡེ་བའི་རྣམ་པ་སྲུང་སྐྱོང་། ཐུན་མོང་གི་རྒྱུ་ནོར་སྲུང་སྐྱོང་བཅས་བྱེད་ཐུབ”ཅེས་རྨ་ཁའི་ཐང་སྡེ་བའི་སྡེ་མི་ལྷ་དཀར་མཚོ་ཡི་སེམས་གཏམ་ལས་མང་ཚོགས་ཀྱི་སེམས་གཏམ་ཤེས་ཐུབ།

རྨ་ཁའི་ཐང་སྡེ་བའི་སྡེ་དམངས་ཀྱི་སེམས་སུ། སྡེ་བ་རིམ་པའི་ལས་དོན་ནང་ཞུགས་ནས་དོན་དག་ཆེ་ཆུང་གང་ཡིན་རུང་ཚང་མས་མཉམ་དུ་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱེད་པ་ནི་ཏང་ཀྲི་པུའུ་དང་མང་ཚོགས་བར་གྱི་གོ་ནོར་དང་འགལ་བ་ཆུང་དུ་ཕྱིན་པར་མ་ཟད། དཔུང་པ་མཉམ་གཤིབ་ཀྱིས་མཉམ་ལས་བྱེད་པའི་ཁྲོད་ཁྱིམ་མཚེས་བར་གྱི་བརྩེ་བ་གཏིང་ཟབ་ཏུ་ཕྱིན་ནས། སྲིད་ཇུས་དང་ལས་གཞི། དམངས་འཚོའི་དོན་དངོས་བཅས་ལ་སྐུལ་འདེད་གཏོང་བ་སྔར་བས་ཁ་གསལ་དང་། སྔར་བས་ཏན་ཏིག སྔར་བས་དྲོད་ཁོལ་ལྡན་པར་གྱུར་ཡོད།

“མང་ཚོགས་ལ་སྔར་ལས་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་ཏུ་འཇུག་དགོས”

“ཅན་བཅུའི”ཏང་གི་འཛུགས་སྐྲུན་ཁྱབ་སྤེལ་གཏོང་བའི་གཞི་འཛུགས་ས་དང་དམིགས་ཡུལ་ནི་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ལ་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་རོལ་དུ་འཇུག་རྒྱུ་དེ་ཡིན།

དེ་སྔའི་ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་མཚེར་ཐང་སྡེ་བའི་ཐུན་མོང་དཔལ་འབྱོར་ནི་འབྱོར་བ་ཆུང་ཞིང་སྤུས་ཀ་ཞན་ལ། མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་གུ་དོག་མོད། ད་ལྟ“ཅན་བཅུའི”ཏང་གི་འཛུགས་སྐྲུན་གྱི་གོ་སྐབས་ལ་བརྟེན་ནས་སྡེ་བའི་ནང་ཏང་ཡོན་འགན་འཛིན་པ་དང་། འདེབས་འཛུགས་ཁྱིམ་ཚང་ཆེ་ཤོས། ཕྱུག་བསྒྱུར་འཇོན་མི། ལག་རྩལ་པ་སོགས་གཙོ་གནད་སྟོབས་ཤུགས་ལས་གྲུབ་པའི་ཐོན་སྐྱེད་འཕེལ་རྒྱས་ཚན་ཆུང་བཙུགས་ནས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ།མཚེར་ཐང་སྡེ་བའི་དཔལ་འབྱོར་འཕེལ་རྒྱས་དང་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་བའི“སྣེ་ཁྲིད་འཛིན་གྲྭར”གྱུར་ཡོད།

ཧུའུ་ཧའེ་དབྱིང་གིས་བཤད་རྒྱུར། “ཐོན་སྐྱེད་འཕེལ་རྒྱས་ཚན་ཆུང་གི་ལས་འགན་གཙོ་བོ་ནི། འཕེལ་རྒྱས་ཀུང་སི་བཙུགས་ནས་ད་ཡོད་ཀྱི་ཐོན་ཁུངས་སྣ་ཚོགས་བསྐྱར་གསོ་བྱེད་པར་སྣེ་ཁྲིད་པ་དང་། མཉམ་འབྲེལ་ལས་གཉེར་དང་མཉམ་སྒྲིལ་འཕེལ་རྒྱས་ཀྱི་བྱེད་ཐབས་བརྒྱུད། མང་ཚོགས་ཀྱིས“ཁེར་འགྲོ་ཁེར་འཐབ”ཀྱི་འཕེལ་རྒྱས་དཀའ་ངལ་སེལ་བ་དང་། ་སྡེ་བའི་ས་ཁོངས་ཁོར་ཡུག་གི་ལེགས་ཆ་དེ་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་ཞིང་སྐྱིད་དུ་འཇུག་རྒྱུ་དེ་རེད”ཅེས་བཤད།

ད་ལྟ། དངོས་སྒྲུབ་བྱེད་ཐབས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་ཉིན་རེའི་ལས་རིམ་ནང་བཅུག་པ་དང་དོན་འཁྱོལ་ལ་སྐུལ་འདེད་བྱེད་ཀྱིན་ཡོད།

“ཀྲི་པུའུ+ཀུང་སི+ཞིང་ཁྱིམ”བཅས་ཀྱི་དཔེ་དབྱིབས་ཁྱབ་གདལ་བཏང་ནས། འདེབས་འཛུགས་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ་དང་གཟན་ཆས་ཐད་སྤྱོད་པའི་མ་རྨོས་ལོ་ཏོག་གཙོ་གནད་དུ་བཟུང་ནས་འཕེལ་རྒྱས་བཏང་བ་དང་། དགུན་གྲོ་དང་ཞོག་ཁོག་སྔོ་ཚོད་བཅས་འདེབས་འཛུགས་བྱས་ནས་སྤྱི་ཆིང15.33(མུའུ230)སྔོ་གཟན་མ་རྨོས་ལོ་ཏོག་གི་ལྟེ་བའི་འདེབས་འཛུགས་རྟེན་གཞི་གསར་སྐྲུན་བྱས་ཡོད།

ཅང་སུའུ་ཡི་རོགས་སྐྱོར་འཛུགས་སྐྲུན་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ། སྟོན་སྡུད་འཕྲུལ་འཁོར་དང་འདྲུད་འཐེན་འཁོར་ལོ་སོགས་ཞིང་ལས་འཕྲུལ་འཁོར་ཡོ་བྱད་ཉོ་སྒྲུབ་དང་། ཆེད་ལས་ཞིང་ལས་འཕྲུལ་འཁོར་ཞབས་ཞུ་རུ་ཁག་བཙུགས་ནས།རྨོ་འདེབས་དང་སྡུད་ལེན་གཞི་གཅིག་ཅན་གྱི་ལས་སྒྲུབ་མངོན་འགྱུར་བྱུང་ཡོད།

ཞིང་ཕྱུགས་སྡེ་ཁག་དང་འབྲེལ་མཐུད་བྱས་ཏེ། ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་ལག་རྩལ་གསོ་སྦྱོང་བྱེད་པ་དང་། ཆེད་དུ་མི་སྣ་རྩ་འཛུགས་བྱས་ནས་ཐུན་མོང་འདེབས་འཛུགས་རྟེན་གཞི་རྒྱུན་ལྡན་གྱི་དོ་དམ་སྲུང་སྐྱོང་གི་འགན་འཁུར་དུ་བཅུག་སྟེ།ལོ་ལེགས་ཀྱི་ཐོན་ཚད་དང་སྤུས་ཀ་ཁག་ཐེག་བྱས།

སྣ་མང་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་བཏང་ནས་ཞིང་ས་གླ་བ་དང་ཐུན་མོང་གི་ཚོང་ར་གླ་བ། གསོ་སྤེལ་ར་བ་གླ་བ་སོགས་ཀྱི་ལས་གཞི་ལ་སྐུལ་འདེད་བཏང་ནས། ཐུན་མོང་གི་རྒྱུ་ནོར་བསྐྱར་གསོ་བྱེད་པ། གཅིག་གྱུར་སྒོས་སྡེ་དམངས་ལ་ཉེ་འགྲམ་དུ་ལས་ཀ་བཀོད་སྒྲིག་བྱས་ཏེ། མང་ཚོགས་ལ་རང་ཁྱིམ་གྱི་སྒོ་འགྲམ་དུ་ཡོང་འབབ་འཕར་བ་མངོན་འགྱུར་བྱུང་།

ས་བབ་ཀྱི་དགེ་མཚན་ལ་བརྟེན་ནས་ཞིང་པའི་སྤྲོ་སྐྱིད་ཁང་སོགས་ཞིང་ལས་དང་ཡུལ་སྐོར་གྱི་ལས་གཞི་འཆར་འགོད་གྲ་སྒྲིག་ལ་སྐུལ་འདེད་བཏང་བ་དང་། ཞིང་ལས་འདེབས་འཛུགས་དང་སྐྱེ་ཁམས་མཛེས་ལྗོངས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་རྗེས་མཐུད་ཐོན་ལས་སྣ་མང་ཅན་དུ་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་བཏིངས།

མཚེར་ཐང་སྡེ་བའི་ཐོན་སྐྱེད་འཕེལ་རྒྱས་ཚན་ཆུང་གིས་ཞིང་ལས་གཙོ་བོ་ཡིན་པའི་དོན་དངོས་ལ་རྐང་བཙུགས་པ་དང་། ཏང་འཛུགས་སྐྲུན་ལ་བརྟེན་ནས་ཐོན་ལས་གཙོ་བོར་འཛིན་པ་དང་ཐོན་ལས་ཀྱིས་མང་ཚོགས་ཕྱུག་པོར་གཏོང་བར་སྣེ་ཁྲིད་ཅིང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ནང་གནས་སྒུལ་ཤུགས་ལ་སྐུལ་སྤེལ་བྱས་ནས་མང་ཚོགས་ཀྱི་འཚོ་བ་སྔར་བས་ཇེ་སྐྱིད་དུ་གྱུར་ཡོད།

མཚོ་ལྷོ་ཁུལ་གྱི“ཅན་བཅུའི”ཏང་འཛུགས་སྐྲུན་གྱི་ལག་ལེན་གཏན་ཚིགས་ནི་ཏག་ཏག་ཏང་འཛུགས་སྐྲུན་བྱ་བ་དེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཕྱོགས་གང་ཅིའི་ཁྲོད་མཉམ་བསྲེས་བྱས་ནས།ཏང་འཛུགས་སྐྲུན་དེ“ཡིག་ཆ”ནས“འགུལ་སྐྱོད”ཀྱི་ཕྱོགས་སུ་བསྐྱོད་པ་དང་། “གཡུལ་ས”ནས“ཉེ་འཁོར”དུ་བསྐྱོད་པ། “མང་ཚོགས་ཀྱི་ཁྲོད་ནས་ཐོན་ཞིང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་པ”བསྒྲུབ་ཐུབ་རྒྱུ་དེ་རེད།

“ཅན་བཅུ”ནི་ཟོལ་མེད་ཀྱི་ཚད་གཞི་ཞིག་མིན་པར་དམངས་དོན་གྱི་ཐོག་མའི་བསམ་འདུན་ལག་ལེན་བསྟར་བའི་བྱེ་བྲག་གི་འཛིན་ས་ཞིག་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་གི་ཕན་ནུས་དང་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་བའི་དོན་གཉེར་ཐབས་ལམ་ཞིག་རེད། “ཅན་བཅུའི”ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག མཚོ་ལྷོ་ཁུལ་གྱི་སྡེ་བ་སོ་སོར་མིག་གིས་མཐོང་ཐུབ་པ་དང་སེམས་ཀྱིས་ཚོར་ཐུབ་པའི་འགྱུར་བ་འབྱུང་བཞིན་ཡོད་ལ། ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་སྔར་བས་འཆམ་མཐུན་དང་། གྲོང་གསེབ་བཅོས་སྐྱོང་སྔར་བས་ཕན་ནུས་ཆེ་བ། ཐོན་ལས་འཕེལ་རྒྱས་ལ་སྔར་བས་ཡིད་ཆེས་ལྡན་པ། མི་རིགས་སོ་སོའི་མང་ཚོགས་ཀྱི་སེམས་པ་སྔར་བས་གཅིག་གྱུར་བྱུང་ནས་ཐུན་མོང་འཛུགས་སྐྲུན་དང་། ཐུན་མོང་བཅོས་སྐྱོང་། མཉམ་སྤྱོད་བཅས་ཀྱི་གྲོང་གསེབ་དར་སྤེལ་གྱི་མཚར་སྡུག་རིམ་བཞིན་མངོན་འགྱུར་འབྱུང་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།