འབབ་ཚུགས་ཆུང་ཆུང་གིས་བསྐྱངས་པའི་བརྩེ་སེམས་ཆེན་མོ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ5པའི་ཚེས10ཉིན་གྱི་སྔ་དྲོའི་ཆུ་ཚོད9དང་སྐར་མ30སྟེང་། གསར་བརྗེའི་ལོ་རྒྱུས་ལ་ཞིབ་འཇུག་སློབ་གཉེར་བྱེད་མཁན་གྱི་ཆེད་གཏོང་མེ་འཁོར་ཞིག་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་མཆིན་ཁུག་གཞུང་གྲོང་རྡལ་དུ་ཡོད་པའི་ཧའེ་ཡན་འབབ་ཚུགས་སུ་ཐོན།

དབྱར་མགོ་མའི་ཞོགས་པའི་ཉི་ཟེར་འབབ་ཚུགས་ཀྱི་སྟེགས་བུའི་སྟེང་དུ་སེར་ལམ་མེར་འཕྲོས་པ་དང་མཉམ་དུ། སློབ་ཆེན་སློབ་མ་ཆིག་སྟོང་ཙམ་མེ་འཁོར་ལས་དལ་གྱིས་བབས། ལང་ཚོའི་གཟི་དཔལ་འབར་བའི་སློབ་མ་དག་རྩྭ་ཐང་གི་ཉི་འོད་དང་འགྲོགས་ཏེ་གསེར་དངུལ་རྩྭ་ཐང་དུ་ཡོང་ནས། གསར་བརྗེའི་ལོ་རྒྱུས་ལ་ཞིབ་འཇུག་སློབ་གཉེར་བྱེད་པའི་སྒོ་གླེགས་ཕྱེས། ཡངས་པའི་རྩྭ་ཐང་དུ་ཀྲོང་ངེར་འགྱིང་བའི་ལྕགས་ལམ་འབབ་ཚུགས་ཆུང་ཆུང་དེས། འདས་ཟིན་པའི་ལོ་ཟླར་བདེན་དཔང་བྱས་ཡོད་ལ། མི་རབས་གསུམ་གྱི་འགན་འཁྲིའི་རྒྱུན་མཐུད་ཡོད་པར་མ་ཟད། ཉམས་པ་མེད་པའི་གསར་བརྗེའི་རྒྱུད་རྒྱུ་དང་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་རྒྱུན་འཛིན་བྱས་ཡོད།

ཧའེ་ཡན་འབབ་ཚུགས་ཀྱི་ཀྲན་ཀྲང་ཧན་ཏུང་གི་སེམས་སུ། ཞིབ་འཇུག་སློབ་གཉེར་བྱེད་མཁན་གྱི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ་ནི་ཁོའི་འགན་འཁྲི་གལ་ཆེན་དེ་ཡིན་པར་སྙམ། སྔོན་ཆད་བྱ་བ་བསྒྲུབས་མྱོང་བའི་ཟོང་སྐྱེལ་ས་ཚིགས་དང་བསྡུར་ན། ཧའེ་ཡན་འབབ་ཚུགས་ཀྱིས་ཟད་མཐའ་མེད་པའི་བསམ་བློའི་ལྗིད་ཚད་ཅིག་ཁུར་དུ་བླངས་ཡོད།

 “གནས་འདི་ནི་རྡུལ་ཕྲན་མཁར་གྱི་གསར་བརྗེའི་སྲོག་རྩྭ་དང་འབྲེལ་ཡོད་ལ། ‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་དམིགས་བསལ་འགན་འཁྲི་ཁུར་དུ་བླངས་ཡོད་པས། ང་ཚོའི་ཕྲག་སྟེང་དུ་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་བབས་ཡོད།” ཅེས་ཧན་ཏུང་གིས་མཐོ་སྒང་གི་འབབ་ཚུགས་ཆུང་ཆུང་དེའི་ཁྱད་དུ་འཕགས་པའི་བསམ་བློའི་རང་མདངས་དེ་བརྗོད་བྱུང་།

ཧའེ་ཡན་འབབ་ཚུགས་ཀྱི་ལས་དབང་ནི་ས་ཚིགས་བཙུགས་པའི་ཉིན་དེ་ནས་བཟུང་སྟེ་རྒྱལ་ཁབ་ཀྱི་ལས་དབང་དང་དམ་པོར་སྦྲེལ་ཡོད།

1960ལོར། ཀྲུང་གོ་གསར་པའི་རྒྱལ་སྲུང་ཚན་རྩལ་ལས་རིགས་དེ་དཀའ་ཁག་གི་ཁྲོད་ནས་གོམ་པ་དང་པོ་སྤོ་བའི་སྤྲོ་སེམས་འབར་བའི་ལོ་ཟླ་དེའི་ནང་། མུ་མཐའ་བྲལ་བའི་གསེར་དངུལ་རྩྭ་ཐང་གིས་རྒྱལ་སྲུང་བཟོ་འགོད་ཀྱི་བཀོད་པ་ཇུས་འགོད་བྱས་ཤིང་། དེ་དང་བསྟུན་ནས་ཧའེ་ཡན་འབབ་ཚུགས་གྲུབ་སྟེ་རྡུལ་ཕྲན་མཁར་གྱི་ལྐོག་གྱུར་དང་གནད་འགག་གི་ཟོང་སྐྱེལ་སྲོག་རྩ་རུ་གྱུར། སྐབས་དེར། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་མེ་འཁོར་རེ་རེས་སྒྲིག་ཆས་དང་རྒྱུ་ཆ་སོགས་དྲུད་དེ་རྩྭ་ཐང་དུ་ཐོན་ཞིང་། གསང་རྒྱ་དམ་པའི་སྒྲིག་ལམ་འོག “མདེལ་གཉིས་སྐར་གཅིག”གི་ལས་དོན་ཐད་སྐྱེལ་འདྲེན་གྱི་སྲུང་ཡོལ་བརྟན་པོ་བསྐྲུན།

དུས་རབས་ཀྱི་རླབས་རྒྱུན་དྲག་ཏུ་འཕྱོ་བའི་སྐབས་སུ། ཧའེ་ཡན་འབབ་ཚུགས་ཀྱིས་དུས་རབས་ཀྱི་འགན་འཁྲི་ཐེངས་གཉིས་པ་ཕྲག་ཏུ་བླངས། 2010ལོར། མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་བར་གྱི་ལམ་མཚམས་རིམ་སྤར་ཞིག་གསོ་བྱས་པས། ཧའེ་ཡན་འབབ་ཚུགས་དེ་ས་ཁུལ་གྱི་ཟོང་སྐྱེལ་འགག་རྩ་གཙོ་བོ་རུ་གྱུར་ལ། བོད་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མཁོ་བའི་དངོས་ཟོག་དང་ཚྭ་འདམ་གཞོང་སའི་ཚྭ་མཚེའུའི་ཁྱད་ལྡན་ཐོན་རྫས་སོགས་གནས་འདི་རུ་བསྡུས་ཏེ་སྒྲིག་འཛུགས་དང་བར་བརྒྱུད་བསྡུ་འགྲེམས་བྱེད་པ་སོགས། ཟོང་སྐྱེལ་མེ་འཁོར་མང་པོ་གངས་ལྗོངས་མཐོ་སྒང་དུ་བརྒྱུགས་ཤིང་། མཚོ་སྔོན་དང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འགུལ་ནུས་ཟམ་མི་ཆད་པ་བསྐྱལ། གལ་ཏེ་ས་ཚིགས་བཙུགས་པའི་ཐོག་མའི་དུས་སུ། ཧའེ་ཡན་འབབ་ཚུགས་ཀྱིས་གསང་བའི་སྒོ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་བསྲུངས་ཡོད་ཅེས་བཤད་ན། ཟོང་སྐྱེལ་འགག་རྩ་རུ་བསྒྱུར་རྗེས། ཟོང་སྐྱེལ་ནུས་པར་བརྟེན་ནས་མཚོ་བོད་མཐོ་སྒང་གི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བཤད་ཆོག་ཆོག་རེད།

2023ལོར། ཁྱད་དུ་འཕགས་པའི་གསར་བརྗེའི་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། ཧའེ་ཡན་རྫོང་གིས་རྡུལ་ཕྲན་མཁར་གྱི་རིག་གནས་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཤིང་། ས་ཚིགས་རྙིང་པའི་འགྲམ་དུ་དེང་རབས་ཅན་གྱི་འགྲུལ་སྐྱེལ་ས་ཚིགས་ཤིག་བཙུགས་པ་དང་། ས་ཚིགས་རྙིང་པའི་མིང་ལ་ཧའེ་ཡན་བྱང་ཚིགས་ཞེས་བཏགས་ནས། བྱེད་ལས་རིམ་འཇུག་དང་རིམ་སྤར་བྱེད་པ་ལེགས་འགྲུབ་བྱུང་། བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་བྱ་འཕུར་བ་ལྟར་རྩྭ་ཐང་དུ་ཐོན་པ་དེས། ཧའེ་ཡན་དང་ཟི་ལིང་བར་གྱི་བར་ཐག་ཆུ་ཚོད་གཅིག་གི་ནང་དུ་བསྡུས་པས། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ90ལས་མེད་པའི་མཐོ་སྒང་གི་མཁར་གྲོང་ཆུང་ཆུང་དེ་ཆུ་ཚོད་གཅིག་གིས་ཟི་ལིང་དུ་ཐོན་པའི་མཁར་གྲོང་གི་གྲས་སུ་ཚུད། ཤུགས་འགྲེམས་མེ་འཁོར་རྩྭ་ཐང་དུ་ཐོན་པ་དེས་ཁྱབ་ཁོངས་ཀྱི་འགྲིམ་འགྲུལ་ཆགས་སྟངས་བསྐྱར་སྒྲིག་བྱས་པར་མ་ཟད། གསར་བརྗེའི་རིག་གནས་ཡུལ་སྐོར་གྱི་ཐད་ནས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་བསུས་ཤིང་། གསར་བརྗེའི་སྙིང་སྟོབས་ཁྱབ་སྤེལ་བྱེད་པའི་ཐད་ནས་བགྲོད་ལམ་ཡངས་མོ་ཞིག་བཏོད།

ལྕགས་ལམ་ལ་འཕོ་འགྱུར་ཆེན་པོ་བྱུང་བ་དེས། མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བཏང་ལ། གསར་བརྗེའི་ཕ་སར་གསོན་ཤུགས་གསར་པ་བསྣན།

ལོ་ན59ལ་བུད་པའི་སྐལ་བཟང་སྐྱིད་ནི་ཧའེ་ཡན་ནས་སྐྱེས་ཤིང་ཧའེ་ཡན་ནས་འཚར་ལོང་བྱུང་བ་ཡིན་པས། ཆུང་དུས་ནས་གསེར་དངུལ་རྩྭ་ཐང་གི་རུས་མིང་སྦས་ནས་འབད་འཐབ་བྱེད་པའི་གཏམ་རྒྱུད་མང་པོར་ཉན་མྱོང་ལ། “མདེལ་གཉིས་སྐར་གཅིག”གི་བྱ་གཞག་དེའི་རྒྱབ་ཕྱོགས་ཀྱི་ཡིད་འགུལ་ཐེབས་པའི་ལོ་རྒྱུས་སེམས་སུ་བརྟན་པོར་བཟུང་ཡོད། མོའི་དྲན་ངོགས་སུ། སྔོན་ཆད་མཐོ་སྒང་པ་རྣམས་ཐག་རིང་དུ་འགྲོ་དཀའ་བ་དེ་ནི་སེམས་ཀྱི་བརྗེད་དཀའ་བའི་དོན་དག་ཅིག་རེད། མོ་རང་ལོ20ཡིན་པའི་སྐབས་སུ། ཨ་ཁུ་ལྷ་སར་སོང་བ་དང་། སྐབས་དེར་ལམ་འགྲམ་གྱི་ཟོང་སྐྱེལ་རླངས་འཁོར་བཀག་སྟེ་དེར་འདུག་དགོས་པ་དང་། དུས་ཡུན་ཉིན་བདུན་དང་ཞག་བདུན་གྱི་དཀའ་བ་སྤྱད་རྗེས་ད་གཟོད་ལྷ་སར་ཐོན་ལ། ལམ་ཐག་རིང་པོའི་དཀའ་སྡུག་དེ་ནི་མཐོ་སྒང་གི་རྒན་རབས་པ་རྣམས་ཐག་རིང་དུ་འགྲོ་བའི་དངོས་བྲིས་ངོ་མ་རེད།

འགྲིམ་འགྲུལ་ཤར་གཏོང་ཐུབ་པ་དེས་རྩྭ་ཐང་མང་ཚོགས་ཀྱི་འཚོ་བའི་བརྒྱུད་རིམ་བསྐྱར་འབྲི་བྱས། ལྕགས་ལམ་ལས་པ་དང་བསྟུན་ནས་ཐོན་པའི་མི་ཚོགས་ལ་བརྟེན་ཏེ། སྐལ་བཟང་སྐྱིད་རྩྭ་ཐང་ནས་རྫོང་མཁར་དུ་གནས་སྤར་ཞིང་ཞོ་བཙོང་བའི་ཚོང་ལས་གཉེར། གསར་བརྗེའི་ཞིབ་སློབ་ཀྱི་ཚ་རླབས་འཕྱུར་བ་བསྟུན་ནས་ཡུལ་སྐོར་པ་བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ལ། མོའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་ལམ་ཇེ་ཡངས་ནས་ཇེ་ཡངས་སུ་སོང་། ཡུལ་སྐོར་དུས་གཞུང་དུ་ཟླ་རེའི་འོ་མ་བཙོང་ཚད་སྒོར་ཁྲི་ཙམ་ཡོད་པར་མ་ཟད། ད་རུང་ས་གནས་ཀྱི་རོང་འབྲོག་པ་ཐག་ཉེ་ས་ནས་ལས་ཀར་ཞུགས་ཤིང་ཡོང་སྤར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས།

འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་སོང་བས། སྐལ་བཟང་སྐྱིད་ཐག་རིང་དུ་འགྲོ་འདོད་པའི་འདུན་མ་དེའང་མངོན་འགྱུར་བྱུང་། 2024ལོར། ཁོ་བཟའ་ཟླ་གཉིས་མེ་འཁོར་ལ་བསྡད་དེ་ལྷ་སར་སོང་། ཟི་ལིང་ནས་མེ་འཁོར་ལ་བསྡད་དེ་ཁོ་ཚང་གི་དགུན་ས་བརྒྱུད་པའི་སྐབས་སུ། མོའི་སེམས་སུ་མཚོ་བོད་ལྕགས་ལམ་གྱིས་རི་ཆུ་མང་པོ་བསྟར་ལ་བརྒྱུས་ཏེ་མཐོ་སྒང་པ་རྣམས་ཐག་རིང་དུ་འགྲོ་དཀའ་བའི་སྡུག་བསྔལ་དེར་རྫོགས་ཚིག་བྲིས་པས། ཐག་རིང་དེ་ཡང་དེ་འདྲ་ཐག་རིང་ཞིག་མིན་པའི་ཚོར་སྣང་ཟབ་མོ་ཞིག་སྐྱེས།

ལྕགས་ལམ་ཞིག་གིས་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་། ས་ཚིགས་ཤིག་གིས་བརྟན་སྲུང་གི་རྒྱུན་མཐུད་པ་རེད། ལོ55ལ་སོན་པའི་འགྲུལ་སྐྱེལ་བ་ལིའུ་ཡུང་གིས་ད་ལོའི་ཟླ4པའི་ཚེས23ཉིན་ཧའེ་ཡན་འབབ་ཚུགས་ནས་ཆེས་མཇུག་མཐའི་ལས་རྐང་སྲུང་བའི་ལས་འགན་མཇུག་རྫོགས་ཏེ། ལོ་ངོ32རིང་གི་ལྕགས་ལམ་ལས་བཟོ་བའི་ལོ་རྒྱུས་ལ་རྫོགས་ཚིག་བཀོད། 1985ལོར། ལོ་ན་གཞོན་པའི་ལིའུ་ཡུང་ཕ་མ་གཉིས་དང་མཉམ་དུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཁི་ཁི་གྲོང་རྡལ་དུ་སོང་། ཕ་མ་གཉིས་ཀ་མཚོ་བོད་ལྕགས་ལམ་གྱི་རབས་དང་པོའི་འཛུགས་སྐྲུན་པ་ཡིན་པའི་ཆ་ནས། མཐོ་སྒང་དུ་ལྕགས་ལམ་བསྐྲུན་པ་དང་བོད་ཁུལ་དར་སྤེལ་གཏོང་བའི་ལས་རྐང་དུ་རྐང་ཚུགས་པས། ཁོའི་སེམས་སུ་ཆུང་དུས་ནས་ལྕགས་ལམ་སྲུང་སྐྱོང་བྱེད་འདོད་ཀྱི་ས་བོན་ཞིག་བཏབ་ཡོད།

བྱ་བར་ཞུགས་ནས་ལོ་ངོ32འགོར་བའི་ལིའུ་ཡུང་གི་སེམས་སུ། རང་ཉིད་ཀྱིས་མི་ཚེ་ཕྱེད་ཀར་བསྒྲུབས་པའི་བྱ་བ་དེའི་དོན་སྙིང་ནི། མདོར་བསྡུས་ན་སྲུང་སྐྱོང་ཞེས་པའི་ཡིག་འབྲུ་དེ་གཉིས་རེད་ལ། ལྕགས་ལམ་སྲུང་སྐྱོང་བྱས་ཏེ་མེ་འཁོར་བདེ་འཇགས་ངང་འཁོར་སྐྱོད་བྱེད་པར་སྲུང་སྐྱོང་དང་།ཡུལ་སྐོར་པ་རེ་རེའི་འགྲོ་སྐྱོད་བདེ་འཇགས་སྲུང་སྐྱོང་ལེགས་པོ་བྱེད་རྒྱུ་དེ་རེད།

ལས་འཁྱུར་ངལ་གསོ་བྱེད་ལ་ཉེ་བའི་སྐབས་སུ་ཧའེ་ཡན་ས་ཚིགས་སུ་ལས་གནས་སྤར་བ་དང་། གསར་བརྗེའི་སྣང་ཚུལ་སྟུག་པོ་ལས་ལིའུ་ཡུང་ལ་གོང་བཀུར་གྱི་བསམ་པ་རྣམ་དག་ཅིག་སྐྱེས། རྡུལ་ཕྲན་མཁར་གྱི་ཚ་རླབས་འཇགས་རྗེས། ཧའེ་ཡན་ས་ཚིགས་ཀྱིས་མཚོ་བོད་ལྕགས་ལམ་གྱི་སྦྲེལ་ཟམ་ནུས་པར་བརྟེན་ནས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་མིང་བྱང་ཡང་བསྐྱར་བསྐྲུན་པས། གསར་བརྗེའི་སྲོག་རྩ་ལྕགས་ལམ་གྱི་བཞུར་ལམ་བརྒྱུད་དེ་མུ་མཐུད་དུ་བརྒྱུད་སྤྲོད་དང་གཅིག་རྒྱུན་གཅིག་འཛིན་བྱས།

གསར་བརྗེའི་རྒྱུད་འཛིན་ནི་གཏམ་རྒྱུད་རེ་རེའི་ནང་དུ་བསྡུས་ཤིང་ཁག་ཁུར་རེ་རེའི་ནང་དུ་མཐོང་ཐུབ།

ད་ལྟའི་ཧའེ་ཡན་འབབ་ཚུགས་ཀྱི་ཡུལ་སྐོར་པ་མང་ཆེ་བ་ནི་གསར་བརྗེའི་ལོ་རྒྱུས་ལ་ཞིབ་འཇུག་སློབ་གཉེར་བྱེད་མཁན་གྱི་སློབ་མ་ཡིན་པས། ཞིབ་སློབ་པའི་འགྲོ་སྐྱོད་བདེ་འཇགས་འགན་སྲུང་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཞབས་འདེགས་ཞུ་རྒྱུ་དེ་རླངས་འཁོར་ས་ཚིགས་ཀྱི་ཉིན་རྒྱུན་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་གྱུར་ཡོད། ད་ལོའི་ཟླ3པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང“རྡུལ་ཕྲན་མཁར་དུ་བསྐྱོད་པ”ཞེས་པའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་བྱ་འགུལ་མགོ་བརྩམས་ཤིང་། སློབ་ཆེན་པ་ཆིག་སྟོང་ལྷག་ཞིབ་སློབ་ཆེད་འཁོར་དུ་བསྡད་དེ་ཧའེ་ཡན་དུ་ཐོན། ཞིབ་སློབ་མཇུག་རྫོགས་རྗེས། སློབ་མ་ཆིག་སྟོང་ལྷག་མཉམ་དུ་ཕྱིར་ལོག་པར། ས་འོག་བགྲོད་ལམ་ནས་རླངས་འཁོར་དུ་བསྡད་ན། དུས་ཚོད་ལ་འགོར་འགྱངས་ཐེབས་པར་མ་ཟད། བདེ་འཇགས་ཀྱི་རྐྱེན་ངན་མང་པོར་འཕྲད་སྲིད།

མང་ཚོགས་ཀྱི་འདོད་བློར་བསམ་བློ་གཏོང་བ་དང་། ཞིབ་སློབ་ཀྱི་དཀའ་ཁག་སེལ་བར་འབད་དགོས་པ་ལྟར། ཧན་ཏུང་དང་ལས་གྲོགས་རྣམས་ཀྱིས་གནས་ཚུལ་དེ་ཤེས་མ་ཐག་གོང་རིམ་དུ་ཡར་ཞུ་བྱེད་པ་དང་། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་སྒྲིལ་ཚད་ཡོད་ཀུང་སིས་མྱུར་དུ་གཅིག་གྱུར་མཐུན་སྦྱོར་བྱས་ཏེ། དཔེ་འགལ་གྱིས་ཕྱིར་ལོག་མེ་འཁོར་རྣམས་སྟབས་བདེའི་འབབ་ཚུགས་ཨང1པར་འདུག་ཏུ་བཅུག་ལ། དེའི་ཁར་རླངས་འཁོར་ས་ཚིགས་ནས་ཞིབ་སློབ་རྟེན་གཞིའི་བར་སྤྱི་སྤྱོད་རླངས་འཁོར་བཀོད་སྒྲིག་བྱས་ཏེ། གསར་བརྗེའི་ཞིབ་སློབ་འགྲོ་སྐྱོད་ཀྱི“མཇུག་མཐའི་སྤྱི་ལེ་གཅིག”ཤར་གཏོང་བྱས། དགོང་མོར་ས་ཚིགས་སུ་འབྱོར་བའི་ཡུལ་སྐོར་པ་རྣམས་འགྲུལ་སྐྱེལ་རླངས་འཁོར་གྱི་རྗེས་མི་ཆོད་པའི་དཀའ་ཁག་ལ་གཞིགས་ནས། ས་ཚིགས་ཀྱི་ལས་བྱེད་པས་གྲོང་རྡལ་གྱི་གླ་གཏོང་རླངས་འཁོར་རེ་རེའི་འབྲེལ་གཏུག་ཨང་གྲངས་ཞབས་ཞུའི་སྟེགས་བུའི་སྟེང་དུ་བཞག དེ་དང་དེ་ལ་སོགས་པའི་དོན་དག་ཆུང་ངུ་རེ་རེ་ཡིས་མཐོ་སྒང་གི་ས་ཚིགས་ཆུང་ཆུང་དེའི་བརྩེ་བ་ཟབ་མོ་མངོན་པར་མཚོན་ཡོད།

ལོ་ངོ་དྲུག་ཅུ་ལྷག་གི་སྐྱིད་སྡུག་མཉམ་མྱོང་ཁྲོད། མི་རབས་གསུམ་གྱི་སེམས་འདུན་བྲག་རྡོ་བཞིན་དུ་བརྟན། རྒྱལ་སྲུང་ལས་དོན་གྱི་གསང་བའི་ས་ཚིགས་ནས་མཐོ་སྒང་འཕེལ་རྒྱས་ཀྱི་ཟོང་སྐྱེལ་ལྟེ་གནས་དང་། དེ་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཞིབ་འཇུག་སློབ་གཉེར་གྱི་སྒོ་ཆེན་བར་དུ། ཧའེ་ཡན་འབབ་ཚུགས་ཀྱིས་ལོ་ཐོག་ལོ་བརྩེགས་ཀྱིས་འབད་འཐབ་ཧུར་ཐག་བྱས་ཏེ། ནམ་ཡང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་གོམ་པ་མཉམ་བགྲོད་བྱས།

རྡུལ་ཕྲན་མཁར་གྱི་གཡོ་འགུལ་ཆེ་བའི་ལོ་ཟླ་དེ་སྔར་ནས་ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་ཟིན་མོད། འོན་ཀྱང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་རང་མདངས་ད་རུང་ཡལ་མེད། སྙིང་སྟོབས་དེ་ལྕགས་ལམ་ལས་བྱེད་པ་ཕ་མེས་རྣམས་ཀྱི་ལག་གི་ལྕགས་ཀྱི་སྔས་ཤིང་དེའི་ནང་དུ་འཐིམ་ཞིང་། ལྕགས་ལམ་ལས་བཟོ་པས་ཞིབ་འཇུག་སློབ་གཉེར་བྱེད་མཁན་གྱི་སློབ་མར་མེ་འཁོར་བཙལ་ཆེད་མཚན་གུང་འདུར་རྒྱུག་བྱེད་པའི་དོན་དག་དག་གི་ནང་དུ་འདྲེས་ཡོད་ལ། རྩྭ་ཐང་གི་མང་ཚོགས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པའི་བདེ་སྐྱིད་ཀྱི་འཚོ་བའི་ནང་དུའང་འདྲེས་ཡོད། ལྕགས་ལམ་ལ་སྨྲ་བ་མེད་ཀྱང་སྙིང་སྟོབས་ལ་སྐད་སྒྲ་ཡོད། ད་ལྟ། མཚོ་བོད་ལྕགས་ལམ་སྔར་བཞིན་མཐོ་སྒང་དུ་འཐེན་ཞིང་ཧའེ་ཡན་འབབ་ཚུགས་སྔར་བཞིན་རྩྭ་ཐང་དུ་མངོན་པར་འགྱིང་། ལམ་གྱིས་མཚམས་སྦྱར་ཞིང་ས་ཚིགས་ཀྱིས་གཅིག་ཏུ་སྦྲེལ་ནས། གསར་བརྗེའི་རྒྱུད་རྒྱུ་སྔར་བཞིན་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱེད་པ་དང་ཐོག་མའི་འགན་འཁྲི་སྔར་བཞིན་གངས་ལྗོངས་མཐོ་སྒང་དུ་བསྒྲགས་བཞིན་འདུག །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།