ཀྲུང་གོ་རུ་རྩ་བ་ཚུགས་ཤིང་ཀྲུང་གོར་ཞབས་འདེགས་ཞུས་པར་ཨན་ལིས་གོ་ལ་ཡོངས་ཀྱི་གླིང་ཆེན་ཨ་མེ་རི་ཁ་ལས་གཞན་པའི་གནས་སུ་རང་དབང་སྐྱེ་ལྡན་ཞིང་ར་ཐོག་མ་འཛུགས་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ3པའི་ཚེས26ཉིན། ཨན་ལི་ཀུང་སིས་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་ཡི་ཕུན་ཀྲོའུ་གྲོང་ཁྱེར་དང་དངུལ་གཏོང་གྲོས་མཐུན་བཞག་སྟེ། མ་དངུལ་ཨ་སྒོར་ཁྲི3500(མི་དམངས་ཤོག་སྒོར་དུང་ཕྱུར2.5)བཏང་ནས་ཁྲེང་ཏུའུ་ཕུན་ཀྲོའུ་གྲོང་ཁྱེར་དུ་ཚད་གཞི་མཐོ་བའི་དེང་རབས་ཅན་གྱི་སྐྱེ་ལྡན་ཞིང་ར་ས་མུའུ1680ཅན་ཞིག་འཛུགས་སྐྲུན་བྱེད་རྒྱུ་རེད། འདི་ནི་ཨན་ལི་ཀུང་སིས་གླིང་ཆེན་ཨ་མེ་རི་ཁ་ལས་གཞན་པའི་གནས་སུ་བཀོད་སྒྲིག་བྱས་པའི་རང་དབང་ཐོན་སྐྱེད་ཞིང་ར་ཐོག་མ་རེད། དེ་ནི་ཀྲུང་གོ་རུ་བསྐྲུན་པའི“ཞིབ་འཇུག་གསར་གཏོད—འདེབས་འཛུགས—ཐོན་སྐྱེད—ཕྱིར་འཚོང”བཅས་ཀྱི་ཐོན་ལས་ཕྲེང་འབྲེལ་ཧྲིལ་པོའི་བཀོད་སྟངས་ཐད་གནད་འགག་གི་གོམ་པ་ཞིག་སྤོས་པ་མཚོན་ལ། སི་ཁྲོན་ཞིང་ལས་དེང་རབས་ཅན་དུ་འགྱུར་བ་དང་ཀྲུང་སྨན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བ། བདེ་ཐང་ཆེན་པོའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་འབྱུང་བ་བཅས་ལ་སྒུལ་ནུས་གསར་པ་འདོན་རྒྱུ་རེད།

ཞིང་ར་འཛུགས་གྲུབ་བྱུང་རྗེས་ཨན་ལིའི(ཀྲུང་གོ)རྩི་ཤིང་ཞིབ་འཇུག་གསར་སྤེལ་ལྟེ་གནས་དང་མཉམ་འབྲེལ་གཏིང་ཟབ་བྱས་ཏེ། ཨན་ལིས(ཀྲུང་གོ)ཀོང་ཀྲོའུ་དང་ཧྲང་ཧའེ། ཝུའུ་ཞི་བཅས་སུ་བསྐྲུན་ཡོད་པའི་ཚན་ཞིབ་ལྟེ་གནས་ཆེན་པོ་གསུམ་དང་། རྨང་གཞི་ཞིབ་འཇུག་དང་གདོད་མའི་རྒྱུ་ཆ་འདེབས་འཛུགས། ཐོན་རྫས་གསར་གཏོད་བཅས་ཀྱི་ཕྲེང་འབྲེལ་ཧྲིལ་པོའི་གསར་སྐྲུན་མ་ལག་ལ་བརྟེན་ནས། རྩྭ་སྨན་གྱི་ས་བོན་ཐོན་ཁུངས་གསར་སྐྲུན་བྱེད་པ་དང་བསྐྱར་སྐྱེས་སྐྱེ་ལྡན་ཞིང་ལས་ཀྱི་ལག་རྩལ་འཕེལ་རྒྱས་གཏོང་བ། རིག་ནུས་འདེབས་འཛུགས་ཀྱི་ལག་རྩལ་གསར་གཏོད་བྱེད་པ་སོགས་ཀྱི་ཕྱོགས་ནས་འཚོལ་ཞིབ་བྱེད་རྒྱུ་རེད།

བསྐྱར་སྐྱེས་སྐྱེ་ལྡན་དང་དེང་རབས་རིག་ནུས་ཞིང་ལས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་ཚད་ཤིང་གསར་པ་བསྐྲུན་རྒྱུ་རེད།

ཕུན་ཀྲོའུ་ཞིང་རས་ཨན་ལིའི་གོ་ལ་ཡོངས་སུ་སྔོན་ཐོན་ཡིན་པའི་རིག་ནུས་ཞིང་ལས་དང་བསྐྱར་སྐྱེས་སྐྱེ་ལྡན་ཞིང་ལས་ཀྱི་ལག་རྩལ་མ་ལག་ཁྱོན་ཡོངས་ནས་དྲངས་ཏེ་ཀྲུང་གོ་རུ་ངོས་བཟུང་བའི་བསྐྱར་སྐྱེས་སྐྱེ་ལྡན་ཞིང་ར་ཐོག་མ་རུ་འགྱུར་བར་བརྩོན་ལེན་བྱེད་རྒྱུ་རེད། ཞིང་རས་ཟོང་སྦྲེལ་དྲ་བའི་ལག་རྩལ་བརྒྱུད་ནས་ས་གཤིས་ཀྱི་བརླན་བབ་དང་གནམ་གཤིས་གཞི་གྲངས། ལོ་ཏོག་གི་སྐྱེས་ཚུལ་བཅས་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་པ་དང་། གཞི་གྲངས་ཆེན་མོར་དབྱེ་ཞིབ་དང་ཟུང་འབྲེལ་སྒོས་གནད་ཁེལ་གྱིས་ཆུ་འདྲེན་ལུད་འཇོག་མངོན་འགྱུར་བྱེད་རྒྱུ་རེད། དུས་མཚུངས་སུ་མི་མེད་གནམ་གྲུ་བཀོལ་ནས་སྐྱེས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་འབུ་གནོད་འགོག་བཅོས་བྱེད་པ། གནད་ཁེལ་སྒོས་ལུད་འཇོག་པ་དང་། ས་བོན་གཏོར་བ་དང་ལོ་ཏོག་སྡུད་པ། ལས་སྣོན་བཅས་ཀྱི་རང་འགུལ་ཅན་གྱི་སྒྲིག་ཆས་ནང་འདྲེན་བྱས་ཏེ། ཐོན་སྐྱེད་ཀྱི་ཕན་འབྲས་ཆེས་ཆེར་མཐོར་འདེགས་དང་མི་ཤུགས་མ་རྩ་ཆེས་ཆེར་ཇེ་དམའ་རུ་གཏོང་རྒྱུ་རེད།

དེ་ལས་གཞན། ཞིང་རས་བསྐྱར་སྐྱེས་སྐྱེ་ལྡན་ཞིང་ལས་འཚོལ་ཞིབ་གཏིང་ཟབ་བྱས་ཏེ། ཞིང་ས་རེས་འཁོར་སྒོས་འདེབས་པའི་ལམ་ལུགས་བཀོལ་བ་དང་། ལུད་ལྡན་རྩི་ཤིང་འདེབས་འཛུགས་ཀྱིས་ས་གཤིས་ཀྱི་གྲུབ་ཚུལ་ལེགས་བསྒྱུར་བྱས་པ་བརྒྱུད་ནས། ཞིང་ར་དང་དེའི་མཐའ་འཁོར་གྱི་ཞིང་ལས་གད་སྙིགས་སྐྱེ་ལྡན་ལུད་དུ་བཟོས་ནས་རྫས་ལུད་ཡེ་ནས་མི་བཀོལ་བ་མངོན་འགྱུར་བྱེད་རྒྱུ་རེད། འབུ་གནོད་འགོག་བཅོས་ཀྱི་ཕྱོགས་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་འདེབས་འཛུགས་དང་དེའི་གཉེན་པོ་ནང་འདྲེན་བྱེད་པ་སོགས་སྐྱེ་དངོས་འགོག་བཅོས་ཀྱི་ལག་རྩལ་བརྒྱུད་ནས་རྫས་འགྱུར་ཞིང་སྨན་བཀོལ་བ་འགོག་རྒྱུ་རེད། ཞིང་རས་རི་སའི་ས་དབྱིབས་ལ་གཞིགས་ཏེ། སྐས་ཞིང་ལས་པ་དང་འདེབས་འཛུགས་ཡོངས་སུ་ཁེབས་པར་བྱེད་པ་སོགས་ས་ཆུ་སྲུང་འཛིན་གྱི་བྱེད་ཐབས་སྤྱད་ནས་སྐྱེ་ཁམས་ཁོར་ཡུག་བསྲུང་རྒྱུ་རེད།

རྩི་ཤིང་འཚོ་བཅུད་དང་ལྡན་པར་བཏབ་ནས་ཐོན་ལས་ཕྲེང་འབྲེལ་རིང་དུ་བསྲིངས་ཞིང་གསར་སྐྲུན་ཕྲེང་འབྲེལ་རྒྱ་བསྐྱེད་རྒྱུ་རེད།

ཨན་ལི་ཀྲུང་གོར་སླེབས་ནས་ལོ་ངོ30འགོར་བའི་རིང་ལ། ཀྲུང་གོའི་སྒོ་འབྱེད་རྣམ་པ་དང་མཉམ་འདྲེས་རྣམ་པའི་གསར་སྐྲུན་སྐྱེ་ཁམས་ཀྱི་ཕན་པ་ཐོབ་པས། ཨན་ལིས་ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་གླིང་དང་ཀྲུང་གོ་ཚན་རིག་གླིང་ནན་ཅིན་ས་གཤིས་སའོ། པེ་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་སོགས་དབང་གྲགས་ལས་ཁུངས་མང་པོར་མཉམ་འབྲེལ་གཏིང་ཟབ་བྱས་པ་དང་། རྒྱལ་ཁབ་ཀྱི་ཚན་ཞིབ་ལས་གཞི་གལ་ཆེན་ནང་ཧུར་བརྩོན་གྱིས་ཞུགས་ནས་རྩི་ཤིང་འཚོ་བཅུད་ཀྱི་ཞིབ་འཇུག་གསར་སྤེལ་ཁྱབ་ཁོངས་སུ་ཁྱད་འཕགས་གྲུབ་འབྲས་མང་པོ་བླངས།

མིག་སྔར། ཨན་ལི་ཡིས་ལས་རིགས་ཁྱབ་ཁོངས་སུ་ཆེས་ཆེ་བའི་རྩི་ཤིང་རིགས་སྣའི་ཐོན་ཁུངས་མཛོད་ཅིག་བཙུགས་ཡོད་པ་དང་། མེ་ཏོག་པདྨ་རྐྱང་རྐྱང་ལ་རིགས304ཡོད་ལ། ལུག་མིག་མེ་ཏོག་ལ་རིགས124དང་། འབྲི་སེའུ་སྔོན་པོར་རིགས131ཙམ་འདུག ཨན་ལི་ཡིས་རང་བྱུང་གསོ་འདེབས་དང་མཉམ་སྡེབ་གསོ་སྐྱོང་བྱེད་པ་བརྒྱུད་དེ་རྩི་ཤིང་རིགས་སྣ་གསར་པ་གསོ་འདེབས་བྱས་པ་དང་། དུས་མཚུངས་སུ་ད་དུང་ཀྲུང་གོ་མཁའ་འགྲུལ་དང་ཧུར་ཐག་གིས་མཉམ་ལས་བྱས་ཏེ་མཁའ་འགྲུལ་གསོ་འདེབས་བྱ་བ་གཉེར། ལོ་ངོ་མང་པོར་འབད་བརྩོན་བྱས་པ་བརྒྱུད། མེ་ཏོག་པདྨ་དང་ལུག་མིག་དཀར་པོ། འབྲི་སེའུ་སྔོན་པོ། བྲ་བོ་སོགས་རྩི་ཤིང་རིགས་སྣ་གང་མང་གསོ་འདེབས་བྱས་ཡོད་ལ། “ཞིང་ལས་ཉིང་ལྷེབ”ཏུ་འབོད་པའི་ཞིབ་འཇུག་ཁྱབ་ཁོངས་རྩེ་གྲ་རུ་རྒྱུན་ཆད་མེད་པར་ལེའུ་གསར་པ་འབྲི་བཞིན་ཡོད།

ས་གནས་ཅན་གྱི་གསར་སྐྲུན་གྱི་རྒྱབ་སྐྱོར་འོག ཐོན་རྫས་གསར་འབྱེད་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བླངས། སྲོལ་རྒྱུན་གྱི་ཁམས་གསོ་རིག་པའི་རྩྭ་སྨན་སྐོར་གྱི་འཚོ་བཅུད་བདེ་སྲུང་སྨན་རྫས་ཀྲུང་གོ་རུ་བདེ་བླག་ངང་ཁྲོམ་རར་བཀྲམ་ཐུབ་པར་བརྟེན། ཁ་ཤས་ཤིག་ཕྱི་རྒྱལ་དུའང་བཙོངས་ནས། གོ་ལ་ཧྲིལ་པོའི་འཛད་སྤྱོད་པ་རྣམས་ལ་ཕན་བདེ་བསྐྲུན། 2013ལོར་ཨན་ལི(ཀྲུང་གོ)རང་བདག་གིས་གསར་སྤེལ་བྱས་པའི་ཁམ་དཀར་ཚུང་རུང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ14ལ་བཙོངས་ཟིན། དེ་དང་ཆབས་ཅིག ཨན་ལི་ཐོན་རྫས་ཀྱིས་དུས་རབས་ཀྱི་འགྲོས་དང་བསྟུན་ནས། སྤྱི་ཚོགས་རྒས་འགྱུར་ཅན་དང་བདེ་ཐང་གི་དགོས་མཁོར་གཞིགས་ནས། ཨན་ལི་ཡིས“རྩི་ཤིང་གི་འཚོ་བཅུད་རྒྱུ་མ་རྒྱུ་རུ་བྱས”ནས། ཕྲ་ཕུང་སྐྲན་འགོག་གི་བཏུང་ཆུ་དང་བདེ་ཐང་བརྗེ་ཚབ་ཐོན་རྫས། རུས་པར་ཕན་པའི་ཐོན་རྫས་སོགས་གསར་སྤེལ་བྱས་པ་དང་། ཁྲོམ་ར་ནས་དགའ་བསུ་ཚད་མེད་ཐོབ། དེའི་ཁྲོད། བཏུང་ཆུ་ཁྲོམ་རར་བཀྲམ་ནས་ལོ་གཉིས་ཀྱི་རིང་བཙོང་ཚད་སྒོར་དུང་ཕྱུར20ལས་བརྒལ་ཞིང་། ཁྲོམ་རར་བཀྲམ་ནས་ལོ་གཅིག་འགོར་བ་ན་བཙོང་ཚད་སྒོར་དུང་ཕྱུར10ལས་བརྒལ།

ཐོན་ཁུངས་བཟང་པོ་གཏན་འཁེལ་བྱས་ཏེ་ཀྲུང་གོ་རུ་འཕེལ་རྒྱས་ཀྱི་ཕྲེང་ཐག་ཆ་ཚང་བསྐྲུན་རྒྱུ་རེད།

ཨན་ལི་ཡི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། 2026ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དངརྩྭ་སྨན་བཟོ་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་ལག་བསྟར་ཇུས་གཞི(2026-2030ལོ)》གཉིས་སུ་རིག་ནུས་ཅན་གྱི་ཉེར་ལེན་ཐད་ནས་བླང་བྱ་བཏོན་ཡོད་པ་དང་། དེ་དང་ཆབས་ཅིག་སྤུས་ཚད་མཐོ་བའི་རྩྭ་སྨན་གྱི་མ་རྒྱུའི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱས་ཏེ། གནད་འགག་གི་ལག་རྩལ་དང་སྤུས་ཚད་མཐོར་འདེགས་གཏོང་བ་དང་། སོན་བཟང་འདེབས་གསོ་དང་འདེབས་འཛུགས་སོགས་ཀྱི་ལག་རྩལ་འགག་སྒྲོལ་ཆེད་དམིགས་འཛུགས་དགོས་པའི་བླང་བྱ་བཏོན། འདིས་ཀྲུང་གོ་རུ་ཨན་ལིའི་ཐོན་ལས་ཕྲེང་འབྲེལ་རྒྱུན་སྲིང་བ་དང་གསར་སྐྲུན་གཏིང་ཟབ་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་པར་བྱས།

ཨན་ལིའི་ཀྲུང་གོའི་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱི་སྤྱིའི་འགན་འཛིན་པ་ཧན་ཆང་གིས་བཤད་རྒྱུར། ཐེངས་འདིའི་ཕུན་ཀྲོའུ་སྐྱེ་ལྡན་ཞིང་རར་གན་རྒྱ་བཞག་པ་ནི། ཨན་ལི་ཡིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར10ལྷག་གི་ས་གནས200ལ་དཔྱད་འཇོག་བྱས་པར་མ་ཟད། ཡུལ་དངོས་སུ་ས་གནས40ལྷག་ལ་རྟོག་ཞིབ་བྱས་རྗེས། ས་རྒྱུ་དང་ཆུ་ཁུངས། རང་བྱུང་ཁོར་ཡུག སྲིད་ཇུས་ཁོར་ཡུག ཐོན་ལས་སྒྲིག་བཀོད་སོགས་ལ་དམིགས་ཏེ་ཟུར་ཚད་མང་པོ་ནས་ཕྱོགས་བསྡུས་ཞིབ་བསྡུར་བྱས་རྗེས་ཀྱི་ཆེས་ལེགས་པའི་གདམ་གསེས་ཡིན།

ཧན་ཆང་གིས་བཤད་རྒྱུར། ཕུན་ཀྲོའུ་ཞིང་ར་ཡིས་ཨན་ལི་ལ་མ་རྒྱུ་འདོན་སྤྲོད་བྱས་ནས་མཁོ་འདོན་ཉེན་ཁ་ཇེ་ཆུང་དུ་གཏོང་རྒྱུ་དང་། ཨན་ལི་ཡི་ཀྲུང་གོའི་རྩྭ་སྨན་གྱི་འཚོ་བཅུད་ཐོན་རྫས་དང་ཕྱི་རྒྱལ་གྱི་ཁྲོམ་ར་ཁ་ཤས་ཀྱི་ཐོན་རྫས་འདིའི་རིགས་ལ་སྤུས་ལེགས་སྐྱེ་ལྡན་རྩི་ཤིང་མ་རྒྱུ་འདོན་སྤྲོད་བྱེད་རྒྱུ་ཡིན་ལ། དེ་དང་ཆབས་ཅིག་ཏུ་ཕུན་ཀྲོའུ་དང་ཐ་ན་སི་ཁྲོན་གྱི་དེང་རབས་ཞིང་ལས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རྩྭ་སྨན་ཐོན་རྫས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་རང་ཉིད་ཀྱི་བྱས་རྗེས་འཇོག་རྒྱུ་ཡིན།

སི་ཁྲོན་དུ་གན་ཆིངས་འཇོག་པའི་མཛད་སྒོར་ཆེད་དུ་ཞུགས་པའི་ཨན་ལི་ཀུང་སིའི་སྤྱི་ཁྱབ་འགན་འཛིན་པའམ་དབུ་བཞུགས་ལག་བསྟར་པ་མའེ་ཁོ·ཉི་ཨེར་སིན་གྱིས་བཤད་རྒྱུར། ཀྲུང་གོ་ནི་ཨན་ལིའི་གོ་ལ་ཡོངས་ཀྱི་ཆེས་ཆེ་བའི་ཁྲོམ་ར་ཡིན་ལ། གསར་སྐྲུན་ལྟེ་གནས་དང་འཐབ་ཇུས་འཕར་ས་གལ་ཆེན་ཡང་ཡིན། ཀྲུང་གོ་རུ་གཞི་ཚུགས་པ་དང་ཀྲུང་གོར་ཞབས་འདེགས་ཞུ་བ་ནི་ཨན་ལི་ཡི་དུས་དང་རྣམ་པ་ཀུན་ཏུ་འགྱུར་བ་མེད་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཡིན། “ལྔ་བཅོ་ལྔ”འཆར་འགོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཆར་འགོད་གསར་པ་བཞེངས་པ་དང་། “བདེ་ཐང་ཀྲུང་གོ”ཡི་རྒྱལ་ཇུས་ཀྱི་ཁྲིད་སྟོན་དང་སྤུས་ཚད་མཐོ་བའི་འཛད་སྤྱོད་ནུས་པའི་གཅིག་བསྡུས་གློད་གྲོལ་གྱིས། ཨན་ལི་ལ་ཀྲུང་གོའི་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་པར་བྱས། ཨན་ལི་ཡིས་ལོ་ངོ་ལྔའི་རིང་ལ་དམངས་སྒོར་དུང་ཕྱུར21གཏོང་འཆར་ཡོད་པའི་འཆར་གཞི་མགོ་བརྩམས་ཤིང་། དེ་ནི་ཀྲུང་གོའི་ལས་གཉེར་ཕྲེང་འབྲེལ་ཆ་ཚང་ལ་ཁྱབ་ཡོད་དེ། སྒོར་དུང་ཕྱུར7གྱིས་ཀོང་ཀྲོའུ་ཡི་ཐོན་སྐྱེད་རྟེན་གཞི་ལེགས་སྒྱུར་བྱས་ནས། གོ་ལ་ཧྲིལ་པོའི་མཁོ་འདོན་ཕྲེང་འབྲེལ་ཇེ་ལེགས་སུ་གཏོང་བ་དང་། སྒོར་དུང་ཕྱུར4ནི་ཨང་ཀི་ཅན་དང་རིག་ནུས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་རིམ་པ་ཇེ་ལེགས་སུ་བཏང་ནས། ལས་གཉེར་ལས་ཕྱོད་གོང་མཐོར་གཏོང་རྒྱུ་དེ་ཡིན་ལ། སྒོར་དུང་ཕྱུར5ཡིས་རྒྱལ་ཡོངས་སུ་ཁྱབ་པའི་ཉམས་ལེན་ཁང100ལྷག་གི་རིམ་པ་ཇེ་མཐོར་སྤར་ནས། སྤུས་ཚད་མཐོ་བའི་བདེ་ཐང་འཚོ་བའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་དང་། སྒོར་དུང་ཕྱུར5ཡིས་གསར་སྐྲུན་དང་ཞིབ་འཇུག་གསར་སྤེལ་ཐད་ཀྱི་བྱ་བར་ཤུགས་རྒྱག་འཆར་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།