མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས24ཉིན“ཚེ་སྲོག་གི་བླ་ཤིང་མཉམ་དུ་འཛུགས་པ·སྐྱེ་ཁམས་ཀྱི་ཕུགས་འདུན་མཉམ་དུ་བསྐྲུན་ནས་རྨ་ཀླུང་སྔོན་མོར་སྲུང་བའི”ལྗོན་ཤིང་འཛུགས་པའི་བྱེད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་སྲང་གཞུག་གྲོང་ཚོར་སྤེལ། ཀྲུང་དབྱང་ལས་ཁུངས་ཀྱི་འཐུས་མི་དང་། ཅང་སུའུ་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་འཇོན་མི། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི། ཁྲི་ཀ་རྫོང་གི་ལས་བྱེད་པ་དང་དེ་བཞིན་ཁྱད་ལྡན་དང་བླངས་ཞབས་ཞུའི་རུ་ཁག22བཅས་ཐུན་མོང་ཐོག་བྱེད་སྒོར་ཞུགས་ནས་ཁམ་སྡོང900བཙུགས་ནས“མཚོ་སྔོན་རོགས་སྐྱོར་ནགས་ཚལ”གྱི་གཞི་ཁྱོན་ཆེ་རུ་བཏང་སྟེ། ཅང་སུའུ་དང་མཚོ་སྔོན་བར་གྱི་མཛའ་བརྩེ་སྔོ་ལྗང་དེ་བླ་ཤིང་ཁྲོད་ནས་ནམ་ཡང་སྐྱེ་སྟོབས་ལྡན་པར་འཇུག་དགོས།
ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་ཁམ་སྡོང900བཙུགས།
ཐེངས་འདིའི་བྱེད་སྒོ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་མཚོ་སྔོན་རོགས་སྐྱོར་གཞུང་དོན་ཁང་དང་། ཅང་སུའུ་ཞིང་ཆེན་ཁ་གཏད་རོགས་སྐྱོར་མཚོ་སྔོན་ཞིང་ཆེན་མདུན་ཕྱོགས་ཨུ་ཡོན་ལྷན་ཁང་། ཁྲི་ཀའི་རྫོང་ཨུ། ཚང་མས་མཉམ་དུ་ནུས་ཤུགས་བཏོན་ནས་རི་ཆུ་སྲུང་སྐྱོང་ཡག་པོ་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མ་ཡུམ་གཙང་པོའི་ངོགས་གཉིས་སུ་སྔོ་ལྗང་དང་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས།
“ཅང་སུའུ་དང་མཚོ་སྔོན་གྱི་མཛའ་གྲོགས་ནགས་ཚལ”ནི་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ཁྲི་ཀ་རྫོང་བྱ་བའི་ཚན་ཆུང་གིས་སྐུལ་འདེད་གཏོང་བའི་ལས་གཞི་ཤིག་ཡིན་པ་དང་། 2025ལོ་ནས་བཟུང་ལག་བསྟར་བྱས། ལས་གཞི་ལ་མ་དངུལ་སྒོར་ཁྲི2000བཏང་ནས་ལོ3ནས5བར་གྱི་དུས་ཚོད་སྤྱད་དེ་དཔལ་འབྱོར་ནགས་ཚལ་མུའུ2000ལྷག་འདེབས་འཛུགས་བྱ་རྒྱུ་འཆར་འགོད་བྱས་ཏེ། ཚད་ལྡན་ཅན་གྱི་དཔལ་འབྱོར་ནགས་ཚལ་དང་ལྗོན་ཕྲན་ནགས་ཚལ་འཛུགས་སྐྲུན་བྱ་རྒྱུ་རྨང་གཞིར་བྱས་ནས“སྐྱེ་ཁམས་སླར་གསོ་དང་ཁྱད་ལྡན་ཐོན་ལས་དར་རྒྱས”རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ།
“ནགས་ཚལ་དང་ཤིང་འབྲས་ལས་རིགས། ནགས་ཚལ་བདེ་ཐང་གསོ་རིགས། སྐྱེ་ཁམས་ཡུལ་སྐོར”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་དང་ཁྱབ་གདལ་བཏང་སྟེ“དུས་ཚིགས་གཉིས་སུ་ཤིང་འབྲས་འཐུ་བ་དང་། དུས་ཚིགས་གསུམ་དུ་མེ་ཏོག་བཞད་པ། དུས་ཚིགས་བཞི་རུ་མཛེས་ལྗོངས་ལ་ལྟ་བ”བཅས་ཀྱི་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་མ་དཔེ་ཤུགས་ཆེན་བཏོད་དེ་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་སྒུལ་ནུས་ཆེན་པོ་བསྣན་ཏེ་སྐྱེ་ཁམས་ཀྱི“ལྗང་མདོག་འདུས་ཚད”ལ་བརྟེན་ནས་འཕེལ་རྒྱས་ཀྱི“དཔལ་འབྱོར་འདུས་ཚད”མཐོ་རུ་བཏང་སྟེ་སྔོ་ལྗང་གི་རི་ཆུ་དེ་གསེར་རི་དངུལ་རིར་འགྱུར་དགོས།
བྱེད་སྒོ་སྤེལ་ཡུལ་དུ་ཁྲི་ཀ་རྫོང་གི་ལས་བྱེད་པ་དང་ལས་བཟོ་པ། ཁྱད་ལྡན་དང་བླངས་ཞབས་ཞུའི་རུ་ཁག22ཡིས་སེམས་ཤུགས་གཅིག་སྒྲིལ་གྱིས་འདེབས་འཛུགས་བྱེད་དགོས་པའི་ས་ཞིང་གསལ་པོ་འབྱེད་ནས་སྔོན་ལ་དོང་བརྐོས་ནས་གྲ་སྒྲིག་ཡག་པོ་བྱས།
ཉིན་དེའི་དུས་ཚོད10དང་སྐར་མ30སྟེང་བྱེད་སྒོ་སྤེལ་མགོ་ཚུགས་པ་དང་ཀྲུང་དབྱང་ལས་ཁུངས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཐུས་མི་དང་ཅང་སུའུ་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་འཇོན་མིས་གཅིག་རྗེས་གཉིས་མཐུད་ངང་ལྕགས་ཁེམ་འཁྱེར་ནས་འདེབས་འཛུགས་ཁུལ་དུ་བསྐྱོད་དེ་ས་ཁེམ་གཡུག་ནས་ས་གསོ་བ་དང་ལྗོན་ཤིང་རེ་བཙུགས་ནས“བླ་ཤིང”ཞེས་པའི་བརྡ་འཕྲིན་བྱང་བུ་ཞིག་བཀལ་ཡོད།
ཁྲི་ཀ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུའུ་སྐྱེ་ཁམས་སླར་གསོ་གཞུང་དོན་ཁང་གི་འགན་འཁུར་བ་ལུའོ་ཞའོ་ཆིང་གིས“མཚོ་སྔོན་རོགས་སྐྱོར་ནགས་ཚལ”ལས་གཞི་ངོ་སྤྲོད་བྱེད་པ་བརྒྱུད་ནས་བེད་མེད་དུ་ལུས་པའི་ས་རྒོད་དེར་དཔལ་འབྱོར་ནགས་ཚལ་འདེབས་འཛུགས་བྱས། དུས་མཇུག་ཏུ་ཁོང་ཚོས་ད་དུང་དཔལ་འབྱོར་ནགས་ཚལ་མུའུ1300འཆར་འགོད་བྱས་ཏེ་སྟོན་དུས་དང་དཔྱིད་དུས་སུ་ཁམ་བུ་དང་། སེའུ་ཆེན་པོ། སྟེར་བུ་སོགས་ལྗོན་ཤིང་འཛུགས་རྩིས་ཡོད།
ནན་ཐུང་གྲོང་ཁྱེར་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ཁྲི་ཀ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་གཞོན་པ་ལུའུ་ལིན་གྱིས་བཤད་རྒྱུར། མ་འོངས་བར་ཤིང་འབྲས་ཐོགས་རྗེས་ནགས་ཚལ་ཁྲོད་ཤིང་འབྲས་འཐོག་པའི་ཡུལ་སྐོར་བ་འཕེལ་བ་བརྒྱུད་ནས་ཡུལ་སྐོར་བ་ཁྲི་ཀ་རུ་ཡོང་བ། ས་གནས་དེའི་བཟའ་བཏུང་དང་ཞག་སྡོད་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་པ་མ་ཟད། ད་དུང་ཐད་ཀར་ཤིང་འབྲས་ཕྱིར་འཚོང་བྱས་པ་བརྒྱུད་གྲོང་མིའི་ཡོང་འབབ་རྒྱ་ཇེ་ཆེར་བཏང་སྟེ། སྐྱེ་ཁམས་ཀྱི་ལེགས་ཆ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་དཔལ་འབྱོར་ལེགས་ཆར་བསྒྱུར་ནས་རི་དྭངས་སྔོ་ལྗང་གི་རྣམ་པས་མང་ཚོགས་ཀྱི་ཡོང་འབབ་དངོས་ནས་འཕར་ཏེ། ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པའི་གསེར་རི་དངུལ་རིར་འགྱུར་བ་བྱས་ནས་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་གྲུབ་འབྲས་ཀྱིས་ས་གནས་དེའི་མང་ཚོགས་ལ་ཁེ་ཕན་ཡུན་རིང་བསྐྲུན་དགོས།
ཅང་སུའུ་ཞིང་ཆེན་གྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ16སོང་རིང་ལ། རིམ་རྩིས་བྱས་ན་མཚོ་ལྷོ་ཁུལ་ལ་རོགས་སྐྱོར་རོགས་ལས་མ་དངུལ་སྒོར་དུང་ཕྱུར46.29བཏང་བ་དང་། ལས་གཞི512ལག་བསྟར་བྱས་པ། ལག་རྩལ་རྐང་འཛིན་པ1863བདམས་ནས་མངགས་གཏོང་བྱས་པས། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར“ཅང་སུའུ་ཡི་སྒུལ་ནུས”ཤུགས་ཆེན་བསྣན་ཡོད།