ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱུན་སྡོད་བྱ་ཡུལ་གྱིས་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》པར་འགྲེམས་བྱས་ཡོད། ཟླ་5པའི་ཚེས་26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྱི་འཆར་ཅན་ཟུར་གསལ་ཚོགས་འདུ་འཚོགས་པ་དང་། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་སོགས་སྡེ་ཚན་གྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བསྐྱོན་ཡོད།
མིག་སྔར། རང་རྒྱལ་དུ་དུས་ཡུན་རིང་པོར་གྲོང་ཁྱེར་དང་གྲོང་རྡལ་དུ་འཚོ་བ་སྐྱེལ་ཡང་གཞིས་ཆགས་མེད་པའི་མང་ཚོགས་དུང་ཕྱུར2.5ལས་བརྒལ་བ་དང་། དེའི་ནང་གྲོང་ཁྱེར་དུ་ཡོང་བའི་ཞིང་པ་ལས་མི་དང་དེ་བཞིན་ཁོང་ཚོ་དང་མཉམ་དུ་གནས་སྤོས་ཏེ་ཡོང་བའི་ཁྱིམ་མི་དུང་ཕྱུར1.7ཡོད། དེ་ནི་རྒྱལ་ཁབ་རིམ་པས་རྒྱུན་སྡོད་བྱ་ཡུལ་གྱིས་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུར་དམིགས་ནས་བཏོན་པའི་ཆེད་དམིགས་ཡིག་ཆ་ཐོག་མ་ཡིན་པ་དང་། མཉམ་དུ་གནས་སྤོས་པའི་བུ་ཕྲུག་གི་སློབ་གསོ་དང་། སྡོད་ཁང་། སྤྱི་ཚོགས་འགན་བཅོལ། སྨན་བཅོས། ལས་ཞུགས། ཐ་སྐྱོང་རང་བཞིན་གྱི་ཞབས་ཞུ་སོགས་ཕྱོགས6ལ་དམིགས་ནས་གཞིས་ཆགས་མེད་པའི་རྒྱུན་སྡོད་མི་འབོར་ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད། མདོར་བསྡུས་ནས་བརྗོད་ན། ཐེམ་ཐོ་ས་གནས་དེ་གར་ཡོད་མེད་ལ་མི་བལྟ་བར། ཁྱེད་རང་འདི་གར་འཚོ་བ་སྐྱེལ་བ་དང་ལས་ཀ་བྱས་ཚེ་འདི་གའི་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ།

ཀྲུང་དབྱང་གིས“གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་རྒྱུན་སྡོད་མི་འབོར་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས”ཞེས་ནན་སྟོན་ཡང་ཡང་གནང་ཡོད། སྲིད་ཇུས་ཆ་སྦྱོར་འཐུས་ཚང་དུ་གཏོང་བ་དང་། “མི་དང་ས་ཆ། མ་དངུལ”བཅས་ཀྱི་འབྲེལ་མཐུད་ལམ་སྲོལ་མགྱོགས་མྱུར་འཛུགས་པ། སྤྱི་པའི་ཞབས་ཞུའི་བར་མཐོངས་བཀོད་སྒྲིག་ལེགས་སུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་དེ་བས་སྟབས་བདེ་དང་དེ་བས་རྒྱུན་མཐུད་ཡོང་བར་སྐུལ་འདེད་བཏང་སྟེ་སྲིད་ཇུས་ཀྱི་ཕན་ནུས་དེ་བས་ལེགས་པའི་སྒོ་ནས་མང་ཚོགས་ཀྱིས་ཤེས་ཚོར་ཐུབ་པའི་ཐོབ་ཚོར་དང་བློ་ཡིད་ཚིམ་ཚད་དུ་འགྱུར་བར་བྱ་རྒྱུ་རེད།