ཟླ5ཚེས23ཉིན་གྱི་སྔ་དྲོའི་ཆུ་ཚོད10པ་ཙམ་ལ། བོད་ལྗོངས་སློབ་གྲྭ་ཆེན་མོའི་ཝ་པ་གླིང་སློབ་ཁུལ་གྱི་རིག་གཞུང་སློབ་གླིང་དུ2026ལོའི་འབུམ་རམས་ཞིབ་འཇུག་སློབ་མའི་བསླབ་གནས་དཔྱད་རྩོམ་གྱི་རྩོད་རྒྱུགས་དམ་བཅའ་འཇོག་པའི་འདུ་ཚོགས་གཉེར་གྱི་ཡོད་ཅིང་། དེ་ཡང་སྒྱུ་རྩོམ་རིག་པ་དང་། ཀྲུང་གོའི་གནའ་རབས་རྩོམ་རིག ཀྲུང་གོའི་གནའ་སྲོལ་ཡིག་ཚང་རིག་པ། ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་བཅས་རིག་ཚན་བཞིའི་ཐད་ཀྱི་བསླབ་གནས་དཔྱད་རྩོམ་གྱི་དམ་བཅའ་འཇོག་མཁན་གྱི་འབུམ་རམས་སློབ་མ་རྣམས་ཡིན་པ་རེད།

གསར་འགོད་པ་སློབ་ཁྲིད་ཐོག་ཁང་གཉིས་པའི་སློབ་ཁང107པའི་ནང་འཛུལ་བ་ན། དེ་ནི་སྒྱུ་རྩོམ་རིག་པའི་ཆེད་ལས་ཀྱི་ཚན་སྐོར་ཡིན་པ་རེད། ཤེས་གསལ་ལྟར་ན། དགེ་རྒན་ཆེན་མོ་བྱ་མདོ་དོན་གྲུབ་ཚེ་རིང་གིས་བསྐྱངས་པའི་སྒྱུ་རྩོམ་རིག་པའི་འབུམ་རམས་སློབ་མ་སངས་རྒྱས་སྐྱབས་དང་། དགེ་རྒན་ཆེན་མོ་བསྟན་འཛིན་དོན་གྲུབ་ཀྱིས་བསྐྱངས་པའི་འབུམ་རམས་སློབ་མ་གསང་བདག་ལྷུན་གྲུབ་གཉིས་ཀྱི་བསླབ་གནས་དཔྱད་རྩོམ་གྱི་དམ་བཅའ་འཇོག་པའི་འདུ་ཚོགས་རེད།
རྩོད་རྒྱུགས་ལྷན་ཚོགས་ཀྱི་དབུ་འཛིན་ནི་སློབ་གྲྭ་དེ་གའི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་སློབ་དཔོན་འཆི་མེད་རྡོ་རྗེ་ཡིན་ཞིང་། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་མཚན་སྙན་ཆེ་བའི་མཁས་པ་རྒྱ་ཡེ་བཀྲ་བྷོ་དང་། བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བཀྲ་ཕུན། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དགྲ་འདུལ་དང་དགེ་རྒན་ཆེན་མོ་གཞོན་པ་ར་ས་བསྟན་འཛིན་ཆོས་གྲགས་བཅས་ཀྱིས་ཨུ་ཡོན་གྱི་འགན་ཁུར་ཡོད་ལ་དྲུང་ཡིག་ནི་ཨོ་རྒྱན་ཡིན་པ་རེད། དེ་བཞིན་པ་སངས་སྒྲོལ་དཀར་སོགས་འབུམ་རམས་སློབ་མ་དང་ཤེས་རམས་ཞིབ་འཇུག་སློབ་མ་སྐོར་ཞིག་ཀྱང་དེ་གར་སློབ་སྦྱོང་དང་ཟུར་ཉན་བྱེད་པར་སླེབས་འདུག

“ ན་ནིང་། སྒྱུ་རྩོམ་རིག་པའི་འབུམ་རམས་སློབ་མ་རབས་དང་པོ་སློབ་མཐར་ཕྱིན་པ་དང་མཛུབ་སྟོན་སློབ་དཔོན་རྒན་བསྟན་འཛིན་དོན་གྲུབ་ལགས་རེད། ད་ལོ་ནི་སྒྱུ་རྩོམ་རིག་པའི་འབུམ་རམས་སློབ་མ་རབས་གཉིས་པའི་སྐབས་རེད། སློབ་གྲོགས་སངས་རྒྱས་སྐྱབས་ནི་དགེ་རྒན་ཆེན་མོ་བྱ་མདོ་དོན་གྲུབ་ཚེ་རིང་ལགས་ཀྱིས་བསྐྱངས་པའི་རིག་ཚན་འདིའི་འབུམ་རམས་སློབ་མ་དང་པོ་རེད། ང་ཡང་དགེ་རྒན་ཁོང་གི་སློབ་མ་ཡིན། སློབ་གྲོགས་གསང་བདག་ལྷུན་གྲུབ་ནི་རྒན་བསྟན་འཛིན་དོན་གྲུབ་ལགས་ཀྱི་འབུམ་རམས་སློབ་མ་རབས་གཉིས་པ་རེད”ཅེས་སྒྱུ་རྩོམ་རིག་པའི་ཆེད་ལས་ཀྱི་འབུམ་རམས་ལོ་རིམ་གཉིས་པ་ཡིན་པའི་ཞི་དུལ་ངག་འཇམ་གྱི་སློབ་མ་རྩེ་སྟོད་འགྱུར་མེད་རྒྱ་མཚོས་གསར་འགོད་པར་ངོ་སྤྲོད་བྱས།
ད་རེས། བསླབ་གནས་དཔྱད་རྩོམ་གྱི་རྩོད་རྒྱུགས་ནང་ཞུགས་པའི་འབུམ་རམས་ཞིབ་འཇུག་སློབ་མ་གཉིས་ཀྱི་ནང་ནས། སངས་རྒྱས་སྐྱབས་ཀྱི་དཔྱད་རྩོམ་ནི་ཡིག་འབྲུ་ཁྲི་བཅོ་ལྔ་ཟིན་པའི《གུང་ཐང་བསྟན་པའི་སྒྲོན་མེའི་རྩོམ་རིག་བརྩམས་ཆོས་ཀྱི་མཛེས་རིག་ཁྱད་ཆོས་ལ་དཔྱད་པ》ཞེས་པ་ཡིན་ལ། གསང་བདག་ལྷུན་གྲུབ་ཀྱི་དཔྱད་རྩོམ་ནི་ཡིག་འབྲུ་ཁྲི་ཉི་ཤུ་རྩ་གཉིས་ཟིན་པའི《བོད་ཀྱི་ཉེ་རབས་རྩོམ་རིག་གི་མི་ཆོས་བསམ་བློ་ཞིབ་འཇུག》ཅེས་པ་དེ་རེད།
རྩོད་རྒྱུགས་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱིས་ཞིབ་འཇུག་གི་རྣམ་འགྱུར་དང་རིག་གཞུང་གི་སྙིང་སྟོབས་གཟབ་ནན་ལ་བརྟེན་ནས་སློབ་མའི་དཔྱད་རྩོམ་སྒྲོག་སྦྱངས་ལ་ཞིབ་ཏུ་ཉན་ཞིང་། དཔྱད་རྩོམ་གྱི་དཔྱད་གཞི་དང་། རྩོམ་ཁོག ། ཡིག་ཚང་། ཞིབ་འཇུག་གི་ནང་དོན། སྒྲུབ་བྱེད་འགོད་སྟངས་སོགས་ལ་ཕྱོགས་ཡོངས་ནས་དཔྱད་འཇོག་བྱས་པར་མ་ཟད། དཔྱད་རྩོམ་གྱི་གཙོ་གནད་ཀྱི་སྐོར་ནས་དྲི་བ་བཏོན་ཏེ་དག་བཅོས་ཀྱི་བསམ་འཆར་དང་གྲོས་འགོ་རྩ་ཆེན་ཡང་བརྗོད་ཡོད། དམ་བཅའ་འཇོག་མཁན་འབུམ་རམས་སློབ་མ་གཉིས་ཀྱིས་རིག་ལམ་གསལ་པོའི་སྒོ་ནས་དྲི་བ་དག་ལ་ལན་བཏབ་པའི་ཁར་རྒན་ལགས་རྣམ་པའི་དགོངས་འཆར་དང་ལེན་ཞུས་པ་དང་། རང་སོ་སོའི་དཔྱད་རྩོམ་ལ་ཕྱིན་ཆད་སྔར་ལས་ལྷག་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐད་བློ་སྐྱེད་ཆེན་པོའང་ཐོབ་པར་གྱུར། ཆུ་ཚོད་བཞིའི་རིང་གི་རྩོད་རྒྱུགས་ཀྱི་འདུ་ཚོགས་དེ་ནི་མཁས་པའི་དཀྱིལ་འཁོར་གདན་འཛོམས་པའི་དབུས་ཀྱི་འབེལ་གཏམ་དང་དོན་གཉེར་ལྡན་པའི་སློབ་བུ་རྣམས་ལ་གཞུང་ཁྲིད་བྱས་པ་ལྟ་བུ་ཞིག་རེད། དེར་བརྟེན་བློ་སྐྱེད་ཐོབ་མཁན་ནི་འབུམ་རམས་སློབ་མ་གཉིས་པོ་ཙམ་མ་ཡིན་པར་དེ་གར་འདུས་པའི་དགེ་སློབ་དང་ཕྱོགས་ཡོང་གི་མགྲོན་པོ་རྣམས་ཀྱང་ཡིན་པ་རེད། མཐར་རྩོད་རྒྱུགས་ལྷན་ཚོགས་ཀྱིས་འབུམ་རམས་སློབ་མ་གཉིས་པོའི་དཔྱད་རྩོམ་སྒྲོག་སྦྱངས་བདེ་བླག་བྱུང་བར་མོས་མཐུན་མགྲིན་གཅིག་ཏུ་བྱས་ཡོད་པ་རེད།
གཞན་ཡང་། གསར་འགོད་པས་ཤེས་གསལ་ལྟར་ན། སློབ་གླིང་དེའི་རིག་ཚན་གཞན་གྱི་འབུམ་རམས་རྩོད་རྒྱུགས་འདུ་ཚོགས་སུ་རིག་གཞུང་ལས་རིགས་ན་སྐད་གྲགས་ཆེ་བའི་ཞིབ་འཇུག་པ་སྟེ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་སློབ་དཔོན་ཆབ་འགག་རྟ་མགྲིན་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཡིག་རྙིང་རིག་པའི་མཁས་དབང་ཁ་སྒང་བཀྲ་ཤིས་ཚེ་རིང་། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་བརྡ་སྤྲོད་རིག་པའི་མཁས་དབང་ལྕགས་ཐར་རྒྱལ། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་འཇིགས་མེད་རྒྱ་མཚོ། བོད་ལྗོངས་སློབ་གསོ་ཐིང་གི་འབུམ་རམས་པ་སྤྲེལ་ནག་པ་རིག་འཛིན་གྲགས་ལྡན་སོགས་སློབ་གྲྭ་ཕྱི་ནས་གདན་འདྲེན་ཞུས་པའི་མཁས་པའང་ཞུགས་ཡོད་པ་རེད།
གསར་འགོད་པ། གནམ་ཕྱུག་རྒྱལ། བཀྲ་ཤིས། བསོད་ནམས་མཚོ་མོ།